16
Tue, Apr

༢༠༢༠་ལོའི་ཟླ་༦་ཚེས་༢༥་ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༢༥་ཉིན། འདི་ལོའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་ཐད་ནས་ཧི་མ་ཅལ་མངའ་སྡེའི་ལམ་སྟོན་ལྟར་མཛད་སྒོར་སོགས་ལ་མི་༥༠་ལས་མང་བ་མཉམ་འཛོམས་བྱེད་ཆོག་གི་མེད་ཙམ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོས་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་༥༠་འཛོམས་ནས་གཞུང་འབྲེལ་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡིན་པར་སྲིད་སྐྱོང་མཆོག་གིས་གསལ་བསྒྲགས་སྤེལ་སོང་།

དེ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་སོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། ཐོག་མར་སྲིད་སྐྱོང་མཆོག་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་དང་འབྲེལ་བའི་ཐོག་གསུང་དོན། ཧི་མ་ཅལ་མངའ་སྡེའི་ལམ་སྟོན་ལྟར་མཛད་སྒོར་སོགས་ལ་མི་༥༠་ལས་མང་བ་མཉམ་འཛོམས་བྱེད་ཆོག་གི་མེད་ཙམ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོས་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་ཁྱོན་མི་༥༠་འཛོམས་ནས་གཞུང་འབྲེལ་ཐོག་ནས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཡིན་པ་དང་། གཞིས་ཆགས་ཁག་ཏུའང་མངའ་སྡེ་དང་རྫོང་གི་ལམ་སྟོན་བཞིན་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་རེད། ༸གོང་ས་མཆོག་ད་ལོ་དགུང་ལོ་༨༥་ལ་ཕེབས་ཀྱི་ཡོད་རེད། ཁོང་ནི་ང་ཚོར་ཧ་ལས་པའི་དཀའ་དྲིན་ཆེན་པོ་རེད། དེར་བརྟེན། འདི་ལོ་ནི་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུ་འཆར་ཡོད་པ་བཞིན། ཁོང་གི་བླ་ན་མེད་པའི་མཛད་འཕྲིན་རྣམས་ང་ཚོ་ཚང་མས་ཤེས་དགོས་ཀྱི་ཡོད། ཁྱིམ་ཚང་རེ་རེ་དང་གཞོན་སྐྱེས་རྣམས་ཀྱི་མཁྱེན་པ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་བཞིན་མི་གཞན་ལ་དེའི་ཐོག་གོ་རྟོགས་སྤེལ་དགོས་པའང་གལ་ཆེན་པོ་རེད། ཅེས་དང་།

སྤྱིར། ༢༠༢༠་ལོའི་ཟླ་ ༤ ཚེས་ ༡་ཉིན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་འཆར་ཁག་བང་བསྒྲིགས་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྲུང་བརྩི་ཞུ་ཐབས་མེད་པར་བརྟེན། བཀའ་དྲིན་རྗེས་དྲན་གྱི་ཚོགས་ཆུང་ནང་གོ་བསྡུར་གནང་སྟེ། དེ་སྔ་འཆར་གཞི་ཡོད་པ་ཁག་ལ་ད་ཆ་ལག་བསྟར་ཐུབ་པ་གང་འདུག་བསྐྱར་ཞིབ་གནང་ནས་༢༠༢༠ལོའི་ཟླ་ ༧ ཚེས་ ༡་ཉིན་ནས་ལོ་རྗེས་མའི་ཟླ་ ༦ ཚེས་ ༣༠ བར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན།

དེར་བརྟེན། འདི་ལོའི་ཟླ་༧ ཚེས་ ༡ ཉིན་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བཟོ་སྐྲུན་གནང་བའི་བརྙན་ཐུང་ཁག་རེས་བདུན་ཕྲག་རེའི་གཟའ་ལྷག་དཀར་ནམ་ཡིན་ལ་བསྟན་རྒྱུའི་འཆར་གཞི་ཡོད། དེ་བཞིན་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༡ འཁོར་བའི་དུས་དྲན་དང་བསྟུན། དབྱར་སྐྱིད་ཅེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྲོལ་ཡོད་པ་རེད། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་འདིའི་རྐྱེན་གྱིས་མཉམ་འཛོམས་བྱེད་ཆོག་གི་མེད་ཙམ། ཟློས་གར་གྱི་དབྱར་སྐྱིད་སྐབས་ཀྱི་གཞས་སྣ་འཁྲབ་སྟོན་རྣམས་དྲ་ཐོག་ནས་ལྟ་ཐུབ་ཀྱི་ཡོད། ཅེས་འགྲེལ་བརྗོད་གནང་།

དེ་ནས་ཁོང་གིས་སྤྱི་ཚོགས་དྲ་རྒྱ་ཁག་ནས་ཏོག་ནད་སྐོར་གནས་ཚུལ་འདྲ་མིན་སྤེལ་བ་དེ་ནི་སྤྱི་ཚོགས་ནང་དུ་སེམས་ཁྲལ་མང་དུ་བཏང་བ་དང་བརྡབ་གསིག་བཏང་གི་འདུག དེར་བརྟེན། གནས་ཚུལ་དངོས་མིན་དེ་ཚོ་ལམ་སེང་གོ་རྟོགས་མེད་པའི་ཐོག་ནས་མ་སྤེལ་རོགས་ཞེས་ཞུ་རྒྱུ་ཡིན། གནས་ཚུལ་དེའི་སྐོར་དྲ་ཐོག་འགོད་དགོས་ཚེ་དེའི་སྐོར་ས་གནས་འགན་འཛིན་ཚོར་བཀའ་འདྲི་ཞུ་རོགས། ཞེས་དང་།

བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུ། བོད་མི་ཕྱི་ནས་ཡོང་བར་རྣམས་ངེས་པར་དུ་ཟུར་བཀག་ཁང་པ་ནང་དུ་བཞུགས་རོགས། དེའི་རྗེས། ཁྱིམ་དུ་ངེས་པར་དུ་ནང་དུ་བཞུགས་རོགས། རང་ཉིད་ན་བའི་འགན་མ་འཁུར་རུང་། མི་གཞན་ལ་ན་ཚ་འགོ་བའི་ཉེན་ཁ་ཡོད་རེད། དེར་བརྟེན། སོ་སོས་ངེས་པར་དུ་འགན་ཁུར་རོགས། གལ་སྲིད། རང་འགན་རང་གིས་མ་ཁུར་ནས་ཏོག་ནད་ན་རུང་བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་ཐུབ་ཀྱི་མ་རེད། རང་ཉིད་ཀྱི་འགན་ཆ་ཚང་ཁུར་དགོས་ཡོད། ཅེས་གསུངས་སོང་།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་དོན། རྒྱ་གར་གྱི་ནང་དུ་ཉིན་རེ་ནས་མང་དུ་འཕེལ་བཞིན་འདུག དེར་བརྟེན། རྒྱ་གར་ནང་དུ་བཞུགས་པའི་བོད་མི་ཚོས་སྔ་ལས་གཟབ་གཟབ་གནང་རོགས། ད་སྔ་ཏོག་ནད་ཕོག་མཁན་བོད་མི་༣༨་བྱུང་ཡོད་པ་དང་། བརྒྱ་ཆ་མང་ཆེ་ནི་ལྡི་ལི་ནས་ཡོང་བ་རེད་འདུག དེར་བརྟེན། ལྡི་ལི་ནས་ཕེབས་པའི་བོད་མི་རྣམས་ངེས་པར་དུ་ཟུར་བཀག་ཁང་པའི་ནང་དུ་བཞུགས་རོགས་ཞུ་རྒྱུ་ཡིན། ཞེས་དང་།

གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་མི་ལོ་ན་ ༦༥ ཡན་སོན་པའི་རྒན་འཁོགས་དང་། འཕྲོད་ལས་པ། འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད་པའི་བོད་མི་ཚོར་རིན་ཆེན་རིལ་བུ་སོགས་མི་གྲངས་ཁྲི་གཅིག་ལ་རིན་མེད་སྨན་སྦྱིན་གནང་རྒྱུ་ཡིན་པ་དེ་བཞིན་བགོ་འགྲེམས་ཞུ་མུས་ཡིན་པ་དང་། བོད་ཀྱི་སྨན་རྩིས་ཁང་ལྟ་བུར་ཆ་བཞག་ན། སྨན་གྱི་འགྲོ་གྲོན་གསུམ་ཆ་གཅིག་མ་གཏོགས་བཞེས་ཀྱི་མེད་པ་མ་ཟད། ནད་ཡམས་ཕོག་པ་རྣམས་ལ་སྨན་བཅོས་སྐབས་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་སྨན་སྦྱིན་གནང་གི་ཡོད་སོགས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།