21
Tue, Jan

༢༠༡༩་ལོའི་ཟླ་༡༢་ཚེས་༢་ཉིན། ༸གོང་ས་མཆོག་གིས་མཐོ་སློབ་སློབ་མ་དང་དགེ་ལས་ལ་བཀའ་སློབ་གནང་སྐབས། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༢་ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་གཙུག་ལག་ཁང་རྒྱལ་བའི་ཕོ་བྲང་གི་མཇལ་ཁ་ཚོགས་ཁང་ནང་དུ། ༸གོང་ས་མཆོག་གིས་ཕྱི་རྒྱལ་མཐོ་སློབ་སློབ་མ་དང་དགེ་ལས་་ཁག་ཅིག་ལ་ཁོང་གི་ཐུགས་ཀྱི་དམ་བཅའ་བཞི་དང་། དེ་ནས་སློབ་གཉེར་ཇི་ལྟར་བྱེད་དགོས་མིན་ཐོག་བཀའ་སློབ་གནང་དོན། དང་པོ་ཁྱོད་ཀྱིས་དེབ་དེ་ཚོའི་ནང་གི་ཤེས་བྱ་བཀླགས་པ་ཡང་ན་ཐོས་དགོས། དེ་ནས་གང་བཀླགས་པ་དང་ཐོས་པའི་ཤེས་བྱའི་ཐོག་ལ་བསམ་བློ་གཏོང་དགོས། དེའི་རྗེས་གང་ཤེས་པ་དེ་སྒོམ་དགོས། དེས་ཁྱོད་ལ་ཉམས་མྱོང་ངོ་མ་སྟེར་ངེས་ཡིན། ཞེས་བཀའ་སློབ་ལམ་སྟོན་གནང་འདུག

དེ་ཡང་། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཨར་ལམ་མཐོ་སློབ(Earlham College)་ནས་ཕེབས་པའི་པའི་སློབ་མ་བདུན་དང་ལས་བྱེད་གཅིག ཁོ་ཚོ་ནི་ས་རཱ་མཐོ་སློབ་ཏུ་ཤེས་ཡོན་བརྗེ་ལེན་ཆེད་ཕེབས་མཁན་སློབ་མ་ཡིན་འདུག གཞན། བློ་རྩཱ་རིན་ཆེན་བཟང་པོའི་སྒྲ་སྒྱུར་སྦྱོང་བརྡར་བསྟི་གནས་ཁང་དུ་ལོ་གཉིས་རིང་སྦྱོང་བརྡར་ཆེད་ཕེབས་མཁན་སློབ་མ་༡༤་དང་དགེ་ལས་དགུ བོད་དགེ་༡༤་བཅས་ལ་མཇལ་ཁ་གནང་ནས་བཀའ་སློབ་ལམ་སྟོན་གནང་འདུག

ཐོག་མར། ༸གོང་ས་མཆོག་གིས་ཐུགས་ཀྱི་དམ་བཅའ་བཞིའི་སྐོར་དང་འབྲེལ་བའི་ཐོག་གསུང་དོན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཕྱི་དངོས་པོའི་མཐུན་རྐྱེན་འཛུགས་སྐྲུན་དེ་དག་གི་ཐོག་ཡར་རྒྱས་ཧ་ཅང་ཕྱིན་ཡོད། འོན་ཀྱང་། མིའི་བསམ་བློར་དངངས་སྐྲག་དང་རེ་དོགས། འགྲན་སེམས། རང་གཅེས་འཛིན་སོགས་ཀྱིས་སེམས་མ་སྐྱིད་པ་བཟོ་བཞིན་ཡོད། བདེ་སྐྱིད་ཟེར་བ་དེ་གཙོ་བོ་ནང་གི་བསམ་བློའི་ཐོག་ནས་ཡོང་དགོས། དེར་བརྟེན། བདེ་སྐྱིད་ཡོང་མིན་ནི་སོ་སོར་རེག་ལས་ཡོད། ཅེས་སོགས་བཀའ་སྩལ་འདུག

དེ་ནས། ཆོས་ལུགས་མཐུན་སྒྲིལ་གྱི་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་ཐུགས་ཀྱི་དམ་བཅའ་གཉིས་པ་ནི་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་གོང་འཕེལ་ཡོང་ཐབས་བྱེད་རྒྱུ་དེ་ཡིན། ཆོས་མིང་ཐོག་ནས་ཕན་ཚུན་དབར་འཚེ་བའི་ལས་འགུལ་སྤེལ་རེས་བྱས་པ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད། ཆོས་གཅིག་ཁོ་ན་དང་། བདེན་པ་གཅིག་ཁོ་ན་མ་གཏོགས་མེད་པར་ཡིད་ཆེས་བྱས་པ་ཡིན་ན་མཐོང་རྒྱ་ཆུང་དྲགས་པ་རེད། འཛམ་གླིང་སྤྱིའི་ཐོག་ནས་བསམ་བློ་གཏོང་དང་། ཆོས་ལུགས་མི་འདྲ་བ་ཡོང་ཆོག་པ་དང་། བདེན་པའི་རྣམ་གཞག་གཏན་ལ་འབེབས་སྐབས་མཐོང་ཚུལ་མི་འདྲ་བ་ཡོང་ཆོག རྒྱ་གར་ནང་ཆོས་ལུགས་འདྲ་མིན་དབར་མཐུན་སྒྲིལ་ཡག་པོ་ཡོད། རྒྱ་གར་ནང་དུ་གནའ་རབས་ནས་དར་བའི་ཆོས་དང་། རྗེས་སུ་ཕྱི་རྒྱལ་ཁབ་ནས་དར་བའི་ཆོས་ལུགས་ཕན་ཚུན་དབར་ལོ་ངོ་སྟོང་ཕྲག་རིང་ནས་འཆམ་མཐུན་ཐོག་གནས་ཐུབ་ཡོད། དེ་ནི་འཛམ་གླིང་སྤྱི་ལ་མིག་དཔེར་བཟང་ཤོས་ཤིག་ཡིན། སྤྱིར་ཆོས་ལུགས་ཚང་མས་བརྩེ་བ་དང་། གུས་ཡངས། བཟོད་སྒོམ། རང་ཁྲིམས་སྲུང་དགོས་པའི་ཐོག་ལ་གསུང་གི་ཡོད། གསུང་སྟངས་མི་འདྲ་བའི་ཐོག་ནས་གོང་གི་རྣམ་བཞག་གི་ཐོག་ནས་གསུང་གི་ཡོད་ཅེས་བཀའ་སྩལ་འདུག

དེའི་རྗེས། ཁོང་གིས་ཐུགས་ཀྱི་དམ་བཅའ་གསུམ་པའི་སྐོར་གསུང་དོན། ངོས་རང་བོད་མི་ཞིག་ཡིན། གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱིས་ངོས་ལ་ཡིད་ཆེས་དང་རེ་བ་བཅོལ་བཞིན་ཡོད། སྤྱིར་ངོས་རང་ཕྱི་ལོ་ ༢༠༠༡ ནས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་མཚམས་བཞག་ཟིན་པ་རེད། ད་ཆ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ཀྱིས་ཆབ་སྲིད་ལས་འགན་འཁྱེར་བཞིན་ཡོད། ངོས་ཀྱིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་བཞིན་ཡོད། བོད་ས་མཐོ་ཞིང་གྲང་ངར་ཆེ་ལ། རླུང་སྐམ་པོ་སོགས་ལ་བརྟེན་ནས་ཁོར་ཡུག་ཉམས་ཆགས་ཚར་གཅིག་ཕྱིན་པ་ཡིན་ན། རང་བཞིན་གྱིས་གསོ་བར་ས་གནས་གཞན་ལས་དུས་ཚོད་མང་བ་འགོར་གྱི་ཡོད་པར་ཚན་རིག་པས་བརྗོད་ཀྱི་ཡོད། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གནད་འགག་ཆེན་པོ་རེད།

དེ་བཞིན། ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གལ་ཆེན་ཡིན་པའི་སྐོར་བཀའ་སྩལ་དོན། ངོས་ཀྱིས་བོད་ཀྱི་རིག་གཞུང་གསོན་པོར་གནས་ཐབས་ཆེད་འབད་བརྩོན་གང་ཐུབ་བྱེད་བཞིན་ཡོད། རྒྱ་གར་དཔལ་ནཱ་ལེནྜ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་ཡོད། དེའི་ནང་དུ་འཚེ་མེད་ཞི་བ་དང་། ཞི་གནས། ལྷག་མཐོང་གི་ཉམས་ལེན་དེ་དག་ཡོད། ཅེས་སོགས་ཀྱི་ཐོག་བཀའ་སྩལ་འདུག

དེ་ནས། ཁོང་གི་ཐུགས་ཀྱི་དམ་བཅའ་བཞི་པའི་ཐོག་གསུང་དོན། ངོས་ཀྱི་འགན་བཞི་པ་ནི། རྒྱ་གར་ནང་དུ་དེ་སྔ་དཔལ་ནཱ་ལེནྜ་ནས་དར་བའི་རིག་གནས་དེ་དག་ད་ཆ་རྒྱ་གར་རང་གི་ནང་དུ་དར་འཕེལ་ཡོང་ཐབས་བྱ་རྒྱུ་དེ་ཡིན། རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་ལྟ་གྲུབ་ནང་དུ་ཞི་གནས་དང་ལྷག་མཐོང་ཉམས་བཞེས་ཡོད་པ་རེད། རིག་གནས་དེ་དག་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་སྟབས། རྒྱ་གར་ནང་དུ་བར་ལམ་ཉམས་ཆགས་ཕྱིན་ཡོད། དེར་བརྟེན། ངོས་ཀྱིས་རྒྱ་གར་གྱི་སྲོལ་རྒྱུན་དཔལ་ནཱ་ལེནྜ་ནས་དར་བའི་ཚད་མ་རིག་པ་དང་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་བསྐྱར་དར་ཡོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་འདུག

ཁོང་གིས་འཛམ་གླིང་ནང་གི་དམག་ཆེན་ཁག་བྱུང་དགོས་དོན་ཐོག་གསུང་དོན། འཛམ་གླིང་ནང་དུ་དམག་ཆེན་ཁག་དང་རྙོག་དྲ་མང་པོ་ཞིག་འབྱུང་བཞིན་ཡོད་པ་ནི། ང་རང་ཚོས་བཟོ་པ་རེད། ང་ཚོ་དང་ཁོ་ཚོ་དབྱེར་བ་བྱས་ནས་དཀའ་ངལ་དང་དབྱེ་འབྱེད་བྱུང་གི་ཡོད། དེ་ནི་འཛམ་གླིང་ནི་སྤྱི་ཚོགས་གཅིག་ཡིན་པའི་བསམ་བློ་འཁྱེར་མ་ཐུབ་པའི་རྐྱེན་རེད། དེར་བརྟེན། ང་ཚོར་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན། ང་ཚོས་སློབ་ཕྲུག་དེ་ཚོར་གཟུགས་པོའི་འཕྲོད་བསྟེན་སློབ་ཀྱི་ཡོད་པ་བཞིན་སེམས་ཀྱི་འཕྲོད་བསྟེན་ཡང་སློབ་དགོས། ཁོ་ཚོར་ཁོང་ཁྲོ་དང་ཞེད་སྣང་། ཕྲག་དོག་སྐྱེས་སྐབས་སེམས་ཞི་བདེ་ཇི་ལྟར་གནས་དགོན་མིན་གྱི་ཐོག་སྦྱང་བརྡར་སྤྲོད་དགོས། ཞེས་བཀའ་སྩལ་འདུག

མཐའ་མར། ༸གོང་ས་མཆོག་གིས་སློབ་ཕྲུག་ཞིག་གི་དྲི་བ་ལེན་ཚུལ་དུ་སློབ་གཉེར་ཇི་ལྟར་བྱེད་དགོས་མིན་ཐོག་བཀའ་སློབ་གནང་དོན། དང་ཐོག ཁྱོད་ཀྱིས་དེབ་དེ་ཚོའི་ནང་གི་ཤེས་བྱ་བཀླགས་པ་ཡང་ན་ཐོས་དགོས། གཉིས་པ་དེ་ཁྱོད་ཀྱིས་གང་བཀླགས་པ་དང་ཐོས་པའི་ཤེས་བྱའི་ཐོག་ལ་བསམ་བློ་གཏོང་དགོས། གསུམ་པ་དེར། ཁྱོད་ཀྱིས་གང་ཤེས་པ་དེ་སྒོམ་དགོས། དེས་ཁྱོད་ལ་ཉམས་མྱོང་ངོ་མ་སྟེར་ངེས་ཡིན། ཞེས་བཀའ་སློབ་ལམ་སྟོན་གནང་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།