07
Thu, Dec

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༢༠ ཉིན་གྱི་དགོང་མོར། རྡ་སར་སྙན་ངག་པ་གཅན་མེ་སྟག་གྲོངས་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དང་ཁོང་གི་སྐོར་གྱི་སྙན་རྩོམ་ཕྱོགས་དཔེ་དེབ་དབུ་འབྱེད་གནང་སོང་།

སྤྱི་ཚོགས་དང་ཤེས་ཡོན།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་ ༩ ཚེས་༢༠ ཉིན་གྱི་དགོང་མོར། བོད་སྨྱུག་དཔེ་སྐྲུན་ཁང་གི་གོ་སྒྲིག་འོག །རྡ་ས་གྷམ་རུ་ཡི་དོ་ར་ཇ་ཁང་དུ་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་འདས་གྲོངས་སུ་ཕྱིན་ནས་མི་ལོ་གཅིག་འཁོར་བའི་རྗེས་དྲན་གྱི་བྱེད་སྒོ་སྟབས་བདེ་ཞིག་ཚོགས་སོང་།

དེ་ཡང་སྐབས་དེར། སྙན་ངག་པ་ཁོང་གི་སྙན་ངག་གཙོས་པའི་འཛམ་གླིང་གང་སའི་ཆོལ་གསུམ་སྨྱུག་ཐོགས་པ་གང་མང་གིས་ཁོང་ལ་རྗེས་དྲན་སྙན་ངག་བྲིས་པ་རྣམས་ཕྱོགས་བསྡུས་བྱས་པའི<<ཐ་མག་རྔུབ་པའི་མི་དེ>>ཞེས་པའི་དཔེ་དེབ་དབུ་འབྱེད་དང་། དེ་ནས་ཁོང་གི་སྙན་ངག་གྱེར་འདོན་སོགས་གནང་ནས་ཁོང་ལ་རྗེས་དྲན་ཞུས་སོང་།

བོད་ཀྱི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དང་། བུ་ཆུང་བསོད་ནམས་ལགས། ཚེ་རིང་བཀྲ་ཤིས་ལགས་བཅས་ནས་རྗེས་དྲན་གྱི་ཚོགས་འདུ་འདི་ལ་གཙོ་སྐྱོང་གནང་ཞིང་། རྡ་ས་དང་ས་གནས་གཞན་དག་ནས་ཕེབས་པའི་ཤེས་ཡོན་པ་མང་པོ་ཞིག་ཀྱང་ཕེབས་གནང་འདུག

སྙན་ངག་པ་གཅན་མེ་སྟག་གམ་དངོས་མིང་ལ་དངོས་ལ་བསོད་ནམས་བརྟན་ནི། ཕྱི་ལོ་༡༩༧༠ ལོར་བོད་མདོ་སྨད་གཅན་ཚ་ས་ཁུལ་གྱི་ལྷ་ས་ཞེས་པའི་གྲོང་ཚོ་རུ་སྐྱེས་ཡོད་པ་དང་། ཕྱི་ལོ་༡༩༨༩ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་ཡོད་འདུག ཁོང་གིས་ལོ་རབས་བརྒྱད་ཅུ་ནས་བཟུང་དུས་དེབ་སྐད་གྲགས་ཅན་《སྦྲང་ཆར་》དང་《གངས་རྒྱན་མེ་ཏོག་》《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》《ཟླ་ཟེར་》《མཚོ་སྔོན་བོད་ཡིག་གསར་འགྱུར་》བཅས་ཀྱི་སྟེང་དུ་སྙན་ངག་གཙོས་བརྩམས་ཆོས་བརྒྱ་ལྷག་སྤེལ་ཞིང་དེ་དག་ལས་ཁག་གཅིག་དཔེ་དེབ་སྣ་ཚོགས་ཀྱི་ནང་དུ་བདམས་བཏུས་ཀྱང་བྱས་ཡོད་འདུག དེ་བཞིན་ཁོང་གིས་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་སྙན་ངག་༣༠༠ ལྷག་དང་ལྷུག་རྩོམ ༥༠ ལྷག གླུ་ཚིག ༢༠ ལྷག་སྤེལ་ཡོད་འདུག གཅན་མེ་སྟག་ལགས་ཀྱིས་སྙན་དེབ་《ལྷོ་བཞུད་ཀྱི་ཆུ་འཛིན》སོགས་དང་ལྷུག་རྩོམ་དེབ་《བུ་མོ་གཡུ་ཆུང་ཟླ་བ》སོགས་འགྲེམས་སྤེལ་བྱས་ཡོད་ཅིང་། ཁོང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རྟ་མཆོག་རྩོམ་རིག་བྱ་དགའ་གཙོས་རྩོམ་རིག་བྱ་དགའ་ཆེ་གྲས་འགའ་ཐོབ་མྱོང་ཡོད་འདུག། སྙན་ངག་པ་ཁོང་གི་སྙན་རྩོམ་ཁ་ཤས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་དང་ཉི་ཧོང་སོགས་ཀྱི་སྐད་དུའང་བསྒྱུར་ཡོད་འདུག།

རྗེས་དྲན་གྱི་བྱེད་སྒོ་ཐོག་མར། རྩོམ་པ་པོ་དང་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བརྗོད་དོན། དེ་རིང་ནི་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་གཅན་མེ་སྟག་འདས་གྲོངས་སུ་ཕྱིན་ནས་མི་ལོ་གཅིག་འཁོར་བའི་ཉིན་མོ་རེད། དེར་བརྟེན་ང་ཚོས་ཁོང་རྗེས་དྲན་ཆེད་དུ་<<མ་ཐག་རྔུབ་པའི་མི་དེ>>་ཞེས་པའི་དཔེ་དེབ་དཔེ་བསྐྲུན་བྱས་ནས་དབུ་འབྱེད་བྱེད་ཀྱི་ཡོད།

དེ་ནས་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་བརྗོད་དོན། གཅན་མེ་སྟག་ལགས་འདས་གྲོངས་སུ་སོང་རྗེས། བོད་ཀྱི་མདོ་སྟོད་སྨད་དབར་གསུམ་གྱི་རྩོམ་པ་པོ་དང་སྙན་ངག་པ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་པའི་རྩོམ་པ་པོ་དང་སྙན་ངག་པ་རྣམས་ཀྱིས་ཁོང་ལ་མྱ་ངན་རྗེས་དྲན་ཞུས་སོང་། ཁོང་གིས་སྙན་ངག་གྲངས་མང་པོ་བྲིས་ཡོད་པ་མ་ཟད་སྤུས་དག་པོ་ཡང་ཡོད་འདུག ཁོང་གི་མི་ཚེ་ཧྲིལ་པོ་བོད་ཀྱི་སྙན་ངག་དང་སྙན་ངག་གོང་འཕེལ་གཏོང་བའི་ཐོག་བཏང་གནང་ཡོད་འདུག དེ་ནས་བུ་ཆུང་ལགས་ཀྱིས་མུ་མཐུད་ནས་བརྗོད་དོན། <<མ་ཐག་རྔུབ་པའི་མི་དེ>>་ཞེས་པའི་དེབ་འདི་ནི་སྙན་ངག་པ་གཅན་མེ་སྟག་ལགས་ཀྱི་སྙན་རྕོམ་དང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་གིས་ཁོང་གྲོངས་སྐབས་བྲིས་པའི་མྱ་ངན་གྱི་སྙན་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་ཅིག་རེད། ཁོང་ད་ལྟར་འདས་གྲོངས་སུ་ཕྱིན་ཡོད་ཀྱང་ཁོང་གིས་མི་རབས་རྗེས་མ་ཚོར་གང་བཞག་ཡོད་མེད་ཤེས་རྟོགས་ཡོང་ཆེད་དཔེ་དེབ་འདི་དཔེ་བསྐྲུན་ཞུས་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།

དེའི་རྗེས། དཔེ་དེབ་དེ་ཕྱོགས་སྒྲིག་བྱེད་མཁན་གཉན་ཚེ་རིང་བཀྲ་ཤིས་ཀྱིས་དཔེ་དེབ་དེ་ཕྱོགས་བསྡུས་བྱེད་དགོས་པའི་དགོས་དོན་སྐོར་གྱི་བརྗོད་དོན། སྙན་ངག་པ་གཅན་མེ་སྟག་གི་སྙན་ངག་ནི་བོད་མི་རིགས་ཀྱི་ཆེད་དུ་རེད་ལ། བོད་སྐད་ཡིག་གི་ཆེད་དུ་ཡང་རེད། དེ་བཞིན་བོད་མི་རིགས་ཀྱི་སྙན་ངག་གི་ཆེད་དུ་རེད། ཁོང་གི་སྙན་ངག་ཉི་ཟླ་རི་བོ་ལྟ་བུ་ཡིན་ན་བོད་གཞིས་བྱེས་མཉམ་འཛོམས་ཡོང་བར་རེ་བ་རྒྱག་གི་ཡོད་རེད། དེ་བཞིན་བོད་ནང་རྩོམ་པ་པོ་མང་པོ་ཞིག་གིས་བློས་བཏང་འདི་འདྲ་མང་པོ་བྱས་ནས་རྒྱ་དམར་འོག་ནས་འདི་ལྟར་ཅི་ཕྱིར་འབྲི་ཡོད་རེད། དེ་ནི་ཁོང་ཚོས་བཙན་བྱོལ་ནང་དུ་ཡོད་པའི་བོད་རིགས་ཚོར་རེ་བ་བརྒྱབས་ནས་བསྡད་ཡོད་རེད། ཅེས་འགྲེལ་བརྗོད་གནང་སོང་།

མཐའ་མར། རྩོམ་པ་པོ་དང་སྙན་ངག་པ་ཁག་ཅིག་གིས་གཅན་མེ་སྟག་གི་སྙན་ངག་གྱེར་འདོན་གནང་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།