20
Tue, Aug

ང་མི་ཚོགས་ཀྱི་ཁྲོད་དུ་ཡོད་ཀྱང། ཇི་འདྲའི་ཁེར་རྐྱང་ཞིག

འཕྲོད་བསྟེན་ཤེས་བྱ།
Typography

ལོ་ན་༩༦ཡིན་པའི་ཅ་ཁུ་ཁིན(Jake King)ནི། ༢༠༡༠ཡི་ལོར་ཆུང་མ་འདས་རྗེས། དབྱིན་ཇིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་ཞིག་ནས་ཁེར་རྐྱང་གི་འཚོ་བ་རོལ། ཁོ་རང་གི་ཁང་པའི་སྒེའུ་ཁུང་ཁ་ན་རྡོ་ཆུང་ཆུང་ཞིག་བཞག་འདུག་ཅིང་། རྡོ་ཆུང་ཆུང་དེས་དམག་ཆེན་གཉིས་པའི་སྐབས་སུ་ཁོའི་མ་ནེའི་སྟེང་དུ་རྨ་ཁ་བཟོས་འདུག དམག་ཆེན་གཉིས་པའི་སྐབས་སུ། ཁོ་རང་ཉི་ཧོང་ནས་ལོ་གསུམ་གྱི་རིང་ལ་དམག་གི་བཙོན་ཁང་དུ་བཅུག་འདུག

ཁོས་བཤད་ན། ད་སྐབས་ཉི་མ་འཆོལ་དཀའ་མོད། འོན་ཀྱང་། རང་ཉིད་ཁེར་རྐྱང་གི་སྣང་བ་དེ་ལས་ཐར་ཆེད། སྙན་ངག་དང་བརྩམས་སྒྲུང་། རི་མོ་སོགས་བྲིས་ཏེ་ཉི་མ་སྐྱེལ་བཞིན་ཡོད་པ་དང་། ད་དུང་། ལས་ལ་བྲལ་བའི་སྣང་བ་དེར་ཡང་དགའ་ཞིང་། རང་ཉིད་ནི་གསར་རྩོམ་གྱི་ནུས་པ་དང་ལྡན་མཁན་ཞིག་ཡིན་ཟེར། སྔོན་ཆད། ཁོ་རང་བཙོན་དུ་ཡོད་སྐབས། དེ་འདྲའི་གསར་རྩོམ་གྱི་ནུས་པར་བརྟེན་ནས་ཉིན་རེའི་འཚོ་བ་རྒྱུན་འཁྱོངས་བྱས་འདུག་ཅིང་། སྐབས་དེར་ཁོས་འཁྲབ་གཞུང་ཡང་བརྩམས་ཡོད་པར་མ་ཟད། དེ་འཁྲབ་སྟོན་ཡང་བྱས་འདུག

དམག་ཆེན་གཉིས་པའི་རྗེས་ནས། ཁོ་རང་མེ་འཁོར་དུ་བུད་དེ་འགྲོ་གྲབས་བྱེད་སྐབས། གློ་བུར་དུ་བུད་མེད་ཅིག་གིས་སྐད་ཆེན་པོས་ཁོ་རང་བོས་ཏེ་འདི་ལྟར་བཤད། ཁྱོད་རང་འཐད་པ་ཡིན་ན། ངེད་གཉིས་ལྷན་དུ་གློག་བརྙན་ལ་ལྟ་རུ་འགྲོ སྐབས་དེར། ཁོ་རང་གིས་དེ་ནི་ཀུ་རེ་ཞིག་ཡིན་པར་འདོད་མོད། ཡིན་ན་ཡང་། དེ་ནི་ཀུ་རེ་ཞིག་མིན་ཞིང་། ཁོ་གཉིས་ཀྱི་བར་ལ་བརྩེ་བ་བྱུང་སྟེ། ལོ་དེ་ག་རང་ལ་གཉེན་སྒྲིག་བྱས། གཉེན་སྒྲིག་སྟེ་ལོ་༦༥ཡི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྗེས། ཁོའི་ཆུང་མ་ན་ཚའི་རྐྱེན་པས་ཚ་ལས་འདས། སྐབས་དེར། ཁོ་རང་གི་སེམས་སུ་གཞི་ནས་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་འདུག

ཁོས་འདི་ལྟར་བརྗོད་དོན། ཁེར་རྐྱང་གི་སྣང་བ་དེ་ནི་སྡུག་བསྔལ་ཆེན་པོ་ཞིག་རེད། ཁྱོད་ཀྱིས་རང་གི་ཁང་པ་སྟོང་ལྷང་ལྷང་ཡིན་པར་ཚོར་སྐབས། ཁྱོད་ལ་ཚོར་བ་ཡ་མཚར་ཞིག་སྐྱེ་ཡོང་སྟེ་ཅི་ཞིག་བྱེད་དགོས་པའང་མི་ཤེས་པར་གྱུར་འགྲོ སྔོན་ཆད་ངེད་གཉིས་ཀྱི་འཚོ་བ་སྟབས་བདེ་དང་སྤྱིར་བཏང་ཞིག་ཡིན། དཔེར་ན་ལྷན་དུ་འཆམ་འཆམ་དུ་འགྲོ་བཞིན་ཡོད་པ་ལྟ་བུ་རེད། སྐབས་དེའི་འཚོ་བ་ནི་ཇི་འདྲའི་བརྗེད་ཐབས་མེད་པ་ཞིག་རེད་ཨང། ཞེས་བཤད།

ང་ཚོས་སྤྱི་ཚོགས་དྲ་རྒྱ་སྤྱོད་པའི་ཐད་ལ་ཞིབ་འཇུག་བྱས་པ་ལྟར་ན། ཁེར་རྐྱང་གི་སྣང་བ་ཡོད་མཁན་ཚོས་ངོ་དེབ་བེད་སྤྱོད་གཏོང་སྟངས་ནི་གཞན་དང་མི་འདྲ་བ་ཞིག་རེད། ཁོ་ཚོས་རོལ་མོ་དང་གཞན་ལ་འབྲེལ་འདྲིས་བྱེད་པའི་ཐད་ལ་དུས་ཚོད་མང་པོ་གཏོང་གི་འདུག ཁོ་ཚོར་དྲ་གྲོགས་མང་པོ་ཞིག་ཡོད་ན་ཡང་། འཚོ་བ་དངོས་ཀྱི་ཁྲོད་ན་གྲོགས་པོ་དེ་འདྲ་མང་པོ་ཞིག་མི་འདུག དེར་བརྟེན། སྤྱི་ཚོགས་དྲ་རྒྱ་ཡིས་ཁོ་ཚོར་སྔར་ལས་ལྷག་པའི་ཁེར་རྐྱང་གི་སྣང་བ་ཞིག་སྤྲོད་ཀྱི་འདུག འོན་ཀྱང་། སྤྱི་ཚོགས་དྲ་རྒྱ་ནི་མི་དང་མིའི་བར་ལ་འབྲེལ་ཟམ་འཛུགས་པའི་ཐད་ནས་སྤྱོད་སྒོ་ཆེན་པོ་ཡོད།

རང་ལོ་སོ་གསུམ་ཡིན་པའི་བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)ཡིས་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་བའི་ཐད་ནས་འདི་ལྟར་བརྗོད་དོན། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས། མི་དང་མིའི་འབྲེལ་བ་མུ་མཐུད་ནས་ཉར་ཐུབ་ཅིང་། འདི་ནི་ཧ་ཅང་བཟང་པོ་ཞིག་རེད། འོན་ཀྱང་། སེམས་པ་སྐྱོ་བའི་སྐབས་སུ། (Instagram)སྟེང་ནས་མི་གཞན་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་བསྡད་ཡོད་པ་མཐོང་སྐབས། རང་ཉིད་ཅིའི་ཕྱིར་དེ་འདྲའི་དགའ་དགའ་སྤྲོ་སྤྲོའི་ངང་ནས་འཚོ་བ་སྐྱེལ་ཐུབ་ཀྱི་མེད་དམ་སྙམ་ནས་སེམས་པ་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག ཅེས་བཤད།

ཁོས་ད་དུང་མུ་མཐུད་ནས་འདི་ལྟར་བཤད་དོན། མི་རྣམས་ཀྱིས་སྤྱི་ཚོགས་དྲ་རྒྱའི་སྟེང་དུ་རང་ཉིད་ཀྱི་བཟང་ཕྱོགས་ཁོ་ན་མངོན་སོ་བྱེད་ཀྱི་འདུག ང་རང་གིས་བསམས་ན། ང་ཚོས་སྤྱི་ཚོགས་དྲ་རྒྱའི་སྟེང་ལ་རང་ཉིད་ཀྱི་དངོས་ཡོད་གནས་སྟངས་དེ་བཀོད་དགོས་པར་འདོད། ཅེས་བརྗོད། ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ཕོ་མོ་དབྱེ་འབྱེད་དང་། དབང་པོ་སྐྱོན་ཅན་སོགས་ཀྱི་གནས་སྟངས་ལ་བརྟེན་ནས། འཚོ་བའི་ཁྲོད་ནས་མཐོང་ཆུང་དང་ཁྱད་གསོད་མྱོང་མཁན་ཚོར་ཁེར་རྐྱང་གི་སྣང་བ་གཞན་ལས་མང་བར་ཡོད་པར་བརྗོད།

                                                                                                                                                                                                                                                                                                                             མུ་འགོད།

གསལ་བསྒྲགས་ཀྱི་ས་མིག