24
Sat, Oct

སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༠་ཚེས་༡༤ཉིན། ཨ་རིའི་ཕྱི་སྲིད་དྲུང་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད་པ་དང་། ཁོང་གིས་༸གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་དམར་གཞུང་དང་ལྷན་དུ་བོད་རྒྱ་གྲོས་མོལ་ཡོང་བར་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མར་ཁི-པོམ་པེའོ་(Mike Pompeo)མཆོག་གིས་ཁོང་གི་ལས་རོགས་སྐུ་ཞབས་རོ་བྷེར་ཊི-ཌེ་སི་ཊི་རོ(Robert A. Destro)མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མར་ཁི-པོམ་པེའོ་མཆོག་གིས་བརྗོད་དོན། ཁོང་གི་ལས་རོགས་སྐུ་ཞབས་རོ་བྷེར་ཊི-ཌེ་སི་ཊི་རོ(Robert A. Destro)མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད། ཁོང་གིས་༸གོང་ས་མཆོག་གི་སྐུ་ཚབ་བརྒྱུད་རྒྱ་དམར་གཞུང་དང་ལྷན་དུ་བོད་རྒྱ་གྲོས་མོལ་ཡོང་བར་འབད་བརྩོན་གནང་རྒྱུ་དང་། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་བྱེད་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་རེད། ཅེས་བརྗོད་སོང་།

སྐུ་ཞབས་རོ་བྷེར་ཊི-ཌེ་སི་ཊི་རོ་མཆོག་གིས་བོད་མིའི་འགོ་ཁྲིད་དང་། རྒྱལ་སྤྱིའི་ཕྱག་སྦྲེལ། དེ་བཞིན་ཁྱད་མཁས་པ་ཚོ་དང་ལྷན་འབྲེལ་བ་གནང་སྟེ་བོད་དོན་དཀའ་ངལ་གསལ་ཐབས་གནང་རྒྱུ་དང་། བཙན་བྱོལ་བོད་མི་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཆེད་འཐབ་རྩོད་བྱེད་བཞིན་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་བརྗོད་འདུག

སྐུ་ཞབས་རོ་བྷེར་ཊི-ཌེ་སི་ཊི་རོ་མཆོག་ནི། ད་ལྟའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་འགན་འཛིན་གནང་མུས་ཡིན་འདུག

ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་དོན། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དུ་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་ཡོད་པ་བཞིན། བོད་ནང་དུའང་ངལ་རྩོལ་བསྒྱུར་བཀོད་ཁང་འཛུགས་སྐྲུན་བྱས་ཏེ་བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་སྟབས། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་ངོས་འཛིན་ཞུ་བཞིན་ཡོད། ཨ་རིའི་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་སྟེ་བོད་ལ་མིང་དོན་མཚུངས་པའི་རྒྱབ་སྐྱོར་གནང་ཡོད། གོ་སྐབས་འདི་བརྒྱུད་ང་ཚོས་རྒྱ་ནག་དང་མཉམ་དུ་དགའ་སྤྲོའི་ངང་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གྲོས་མོལ་བྱ་རྒྱུ་ཡིན། ཞེས་གསུངས།

བོད་ཀྱི་ལོ་རྒྱུས་ཡིག་ཆ།