03
Mon, Oct

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༢༥ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞིས་བཞུགས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༢༥ཉིན། བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྡ་སའི་སེར་སྐྱ་བོད་མི་རྣམས་ཀྱིས་གཞིས་བཞུགས་བོད་མི་ཚོ་ནད་ཡམས་ལས་མྱུར་དུ་གྲོལ་ཆེད་དང་། འབྱུང་གཞིའི་གནོད་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢:༣༠་ཡས་མས་ཤིག་ལ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྡ་སའི་སེར་སྐྱ་མི་མང་དང་གཞོན་ལྷན་གྱི་ཚོགས་མི་སོགས་ནས་ད་ལྟར་བོད་ཁུལ་ས་ཆ་མང་པོ་ཞིག་དང་དམིགས་བསལ་ལྷ་ས་ཕྱོགས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བོད་མི་མང་པོ་ཞིག་ལ་དངོས་ཤུགས་རྒྱུད་གསུམ་ནས་དཀའ་ངལ་འཕྲད་བཞིན་པ་ལས་གྲོལ་ཆེད་དང་། བོད་ཤར་ཕྱོགས་སུ་ཆུ་ལོག་རྒྱུགས་ནས་མི་རྒྱུ་བཅས་ལ་དཀའ་ངལ་འཕྲད་བཞིན་པའི་བར་ཆད་དག་སེལ་ཆེད་སྒྲོལ་མ་གསོག་སྒྲུབ་དང་མཆོད་འབུལ་སྨོན་ལམ་བྱས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་གནང་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་བརྗོད་དོན། དེ་རིང་ང་ཚོ་མཆོད་འབུལ་སྨོན་ལམ་འཚོགས་དགོས་དོན་ནི་ཉེ་ལམ་བོད་ནང་ལ་ཏོག་དབྱིབས་ནད་ཡམས་ཁྱབ་དར་ཤུགས་ཆེན་པོ་ཕྱིན་ནས་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་དང་། རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁག་དཀྲི་ནས་མི་མང་ནང་ལ་དཀའ་ངལ་བཟོ་བཞིན་པ། དེ་བཞིན་ནད་ཡམས་འདི་དང་འབྲེལ་མི་མང་གི་ཚེ་སྲོག་ཤོར་བ། ད་ལྟར་ཡང་ནད་ཡམས་འདིའི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་དཀའ་ངལ་ལས་གྲོལ་བའི་ཆེད་དུ་སྒྲོལ་མ་གསོག་སྒྲུབ་བྱེད་རྒྱུ་དང་། ནད་ཡམས་འདི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པའི་བོད་མི་གཙོ་བོ་འགྱུར་བའི་འཛམ་གླིང་གི་མི་མང་ཆེད་བསྔོ་སྨོན་བྱེད་རྒྱུ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ད་དུང་བོད་མདོ་སྨད་ཕྱོགས་སུ་འབྱུང་གཞིའི་རྐྱེན་ངན་བྱུང་ནས་ས་ཁུལ་ཁ་ཤས་ལ་དཀའ་ངལ་འཕྲད་བཞིན་པ་རྣམས་ལས་མྱུར་དུ་གྲོལ་ཆེད་དང་བོད་གཙོ་བོ་འགྱུར་བའི་འཛམ་གླིང་ནང་བར་ཆད་དེ་འདྲ་མི་ཡོང་བའི་ཆེད་དུ་དེ་རིང་ང་ཚོ་བསྔོ་སྨོན་བྱེད་རྒྱུ་ཡིན། ཞེས་འགྲེལ་བརྗོད་བྱས་སོང་།

 

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།