20
Sat, Apr

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༢༡་ཉིན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་ཡོད་པའི་སེར་བྱེས་གྲྭ་ཚང་གིས་གཞིས་བཞུགས་བོད་མི་ཚོ་ནད་ཡམས་ལས་མྱུར་དུ་གྲོལ་ཆེད་སྒྲོལ་མའི་མཚན་སྔགས་གསོག་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༨་ཚེས་༢༤་ཉིན་སྤེལ། རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དང་འབྲས་སྤུངས་དགོན་སོགས་ནས་གཞིས་བཞུགས་བོད་མི་ཚོ་ཏོག་དབྱིབས་ནད་ཡམས་ལས་མྱུར་དུ་གྲོལ་ཆེད་སྒྲོལ་མ་གྲངས་གསོག་དང་སྒྲོལ་མའི་མཚན་སྔགས་གསོག་སྒྲུབ་གནང་སྟེ། གསོལ་འདེབས་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་གནང་འདུག

དེ་ཡང་། ཟླ་འདིའི་ཚེས་༢༡ཉིན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་ཡོད་པའི་སེར་བྱེས་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བཤེས་འདུས་མང་ཡོངས་ནས་གཞིས་བཞུགས་བོད་མི་ཚོ་ཏོག་དབྱིབས་ནད་ཡམས་ལས་མྱུར་དུ་གྲོལ་ཆེད་སྒྲོལ་མ་གྲངས་གསོག་དང་སྒྲོལ་མའི་མཚན་སྔགས་གསོག་སྒྲུབ་གནང་འདུག་པ་མ་ཟད། གཞིས་བཞུགས་བོད་མི་རྣམས་ནས་ཀྱང་རང་གཞན་ཀུན་གྱི་བདེ་ཐང་གི་ཆེད་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་གང་ཡོད་ལ་འབད་བརྩོན་ལྷོད་མེད་གནང་རོགས་ཞུ་ཞེས་འབོད་སྐུལ་གནང་འདུག

ད་ལྟའི་ཆར། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་ས་ཆ་མང་པོ་ཞིག་ལ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་འཕྲད་ཡོད་པར། བྱེས་སུ་ཡོད་པའི་སེར་བྱེས་གྲྭ་ཚང་གི་འདུས་མང་ཡོང་ནས་སེམས་འཚབ་དང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་འདུག ད་ལྟའི་གནས་ཚུལ་ལ་གཞིགས་ན་ས་གནས་མང་པོར་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་ཐབས་མང་པོ་ཞིག་རྒྱ་ནག་གཞུང་ཕྱོགས་ནས་སྣང་མེད་དང་ལྷོད་གཡེང་གི་རྣམ་པ་ཡོད་པ་དེ་ཚོ་ངེས་པར་དུ་དམ་གཟབ་ནན་པོ་གནང་དགོས་པའི་རེ་སྐུལ་དང་། ནད་ཡམས་སྔོན་འགོག་གི་བྱ་ཐབས་ཁག་ལག་ལེན་བསྟར་དགོས་པའི་འབོད་སྐུལ་ཀྱང་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

དེ་བཞིན། ཟླ་འདིའི་ཚེས་༢༣་ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོར་རྟེན་གཞི་བྱས་ཡོད་པའི་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གི་བླ་སྤྲུལ་དང་མཁན་པོ་དགེ་བཤེས་གྲྭ་མང་ཡོངས་ནས་འབྲས་དཀར་སྤུངས་པའི་འདུས་སྤྱི་ནས་འཛམ་གླིང་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ཚོར་ཏོག་དབྱིབས་ནད་ཡམས་ལས་མྱུར་དུ་གྲོལ་ཆེད་ཞབས་རིམ་སྒྲོལ་མ་གསོག་སྒྲུབ་གནང་ནས་གདུང་སེམས་མཉམ་སྐྱེད་གནང་འདུག སྤྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཐོག་མར་ཏོག་ནད་འཛམ་གླིང་ཡོངས་ལ་ཁྱབ་སྐབས་དང་། བོད་ནང་རྟའུ་རྫོང་དུ་ཏོག་ནད་བྱུང་སྐབས་སོགས་སུ་ཞབས་རིམ་གནང་ཡོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།