27
Fri, May

ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ཞེས་པའི་སྙན་ཐོ་དེ་འདོན་སྤེལ་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢་ཟླ་༥ཚེས་༡༡ཉིན། <<ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་།>> ཞེས་པའི་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་<དུས་རབས་གསར་བའི་མི་རིགས་སྲིད་ཇུས་>ཞེས་པའི་མིང་ཐོག་ནས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་རྒྱ་ཆེར་ལག་བསྟར་བྱས་ཏེ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་འདུག ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༠་པའི་ཐོག རྡ་ས་གངས་སྐྱིད་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ཨེ་ཤེ་ཡའི་གཟི་བརྗིད་སྣེ་ཁྲིད་ཚོགས་པ་(Asian Dignity Initiative, ADI)གཉིས་ཀྱིས་མཉམ་འབྲེལ་ཐོག་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་དུ་སྐད་ཡིག་དང་ཤེས་ཡོན་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་<<ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་།>> ཞེས་པའི་སྙན་ཐོ་ཞིག་བཏོན་གནང་སོང་།

རྒྱ་ནག་གཞུང་གིས་<དུས་རབས་གསར་བའི་མི་རིགས་སྲིད་ཇུས་>ཞེས་པའི་མིང་ཐོག་ནས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་རྒྱ་ཆེར་ལག་བསྟར་བྱས་ཏེ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་འདུག ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སློབ་གསོའི་ལམ་ལུགས་ཀྱི་ཁྲོད་དུ་བྱིས་པ་དང་ན་གཞོན་ཚོ་དམིགས་གཏད་གཙོ་བོར་བཟུང་ནས་པེ་ཅིང་གི་སྐད་གདངས་བྱས་པའི་རྒྱའི་སྤྱི་སྐད་ལ་གདན་ཐོབ་མཐོ་ཤོས་སྤྲད་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱིས་ཁག་ཐེག་ཡོད་པའི་མི་རིགས་རང་སྐྱོང་གི་ཐོབ་ཐང་དང་མི་རིགས་འདྲ་མཉམ་དང་དབྱེ་འབྱེད་མི་བྱེད་པའི་རྩ་དོན་སོགས་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད། ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བརྗོད་སོང་།

བོད་ནང་གི་བོད་མི་སྤྱི་སྒེར་གཉིས་ཀས་བོད་ཀྱི་སྐད་ཡིག་དང་རིག་གཞུང་དར་སྤེལ་གྱི་ལས་གཞི་སྤེལ་བ་རྣམས་ལ་རྒྱ་ནག་གཞུང་གིས་འགོག་རྐྱེན་སྣ་མང་བཟོ་བ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་མཁན་རྣམས་འཇུ་བཟུང་མནར་གཅོད་གཏོང་བ། གཞུང་ངོས་ནས་ཆོག་མཆན་ཡོད་མེད་ལ་མ་བལྟོས་པར་བོད་ཀྱི་སྒེར་བཙུགས་སློབ་གྲྭ་ཁག་རིམ་པས་སྒོག་བརྒྱག་ཏུ་བཅུག་པ། མ་ཟད་བོད་ཀྱི་དགོན་སྡེ་ཁག་གིས་ཀྱང་རྒྱའི་སྤྱི་སྐད་ཀྱི་ལམ་ནས་ནང་བསྟན་སློབ་གཉེར་བྱེད་དགོས་པའི་བཙན་སྐུལ་བྱེད་བཞིན་འདུག ཅེས་མོས་མུ་མཐུད་ནས་འགྲེལ་བརྗོད་བྱས་སོང་།

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གཉེར་བྱ་སའི་ཁོར་ཡུག་ཉག་ཅིག་ཏུ་གྱུར་བའི་བོད་ཀྱི་སྒེར་བཙུགས་སློབ་གྲྭ་རྣམས་སྒོ་བརྒྱག་བཞིན་པ་མ་ཟད། སྔོན་གྱི་རང་སྐྱོང་ལྗོངས་དང་ཞིང་ཆེན་ལྔས་གཏན་འབེབས་བྱས་པའི་སློབ་དེབ་རྣམས་ཕྱིར་བསྡུ་བྱས་ཏེ་དེའི་ཚབ་ཏུ་རྒྱ་ནག་དབུས་གཞུང་ནས་རྒྱ་ཡིག་ཐོག་གཏན་འབེབས་བྱས་པའི་དམར་ཤོག་ཚོགས་པ་དང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། ཞི་ཅིན་ཕིང་གི་དགོངས་པ་ཟེར་བ་སོགས་ནང་དོན་དུ་བྱས་པའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་དེབ་འགྲེམས་བཞིན་ཡོད་པ་དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་ཕོག་ཚབས་ཆེན་འཕོག་ངེས་པའི་སེམས་འཚབ་ཆེས་ཆེར་བྱ་འོས་སུ་གྱུར་ཡོད། ཅེས་ཚོགས་པ་དེའི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས་བརྗོད་སོང་།

ཤེས་ཡོན་གྱི་ཐོབ་ཐང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་མེད་ཐབས་མེད་པ་ཞིག་ཡིན་པ་མ་ཟད་དེ་ཉིད་ནི་ཐོབ་ཐང་གཞན་དག་ཚང་མའི་འབྱུང་རྩ་ཡང་ཡིན་པས་རྒྱལ་སྤྱིའི་སྤྱི་ཆིངས་ཁག་མང་པོའི་ནང་དུ་དེ་ཉིད་གཙིགས་ཆེན་དུ་བཟུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རིག་གཞུང་བཙན་བསྒྱུར་བྱེད་པའི་སྦྱོར་བ་དེས་<<ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་>>བརྟན་དུ་གཏོང་རྒྱུ་ཡིན་ཞེས་རྒྱའི་དབང་འོག་གི་མི་རིགས་ཐམས་ཅད་ཧྭན་རིགས་ཀྱི་ངོ་བོར་འདུ་ཐབས་ཀྱི་སྲིད་ཇུས་ཤིག་དབུས་གཞུང་ནས་འགན་བླངས་ཏེ་རྒྱལ་ཡོངས་སུ་རྒྱ་ཁྱབ་ཏུ་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན་དེ་ནི་སྔར་ཡོད་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་སོགས་ཁྲིམས་དང་སྲིད་ཇུས་གང་གིས་ཀྱང་འགོག་མི་ཐུབ་པར་གྱུར་འདུག ཅེས་ཚོགས་པ་དེའི་ལས་བྱེད་བསྟན་འཛིན་ཟླ་བ་ལགས་ཀྱིས་བརྗོད་སོང་།

གཞུང་ངོས་ནས་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་ལ་རྡོག་རོལ་བཏང་བར་ཐེར་འདོན་བྱེད་མཁན་གྱི་ཞི་བའི་འཐབ་རྩོད་པ་རྣམས་ལ་རྒྱ་ནག་གཞུང་གིས་ཉེས་མིང་སྣ་ཚོགས་བཏགས་ཏེ་འཇུ་བཟུང་བཀག་ཉར་བྱེད་པ་དང་གཞུང་གི་བྱ་སྤྱོད་ལ་ཁྲིམས་ལུགས་ཀྱི་ཚོད་འཛིན་རྩ་ནས་མི་ཐུབ་པ་སོགས་ཀྱིས་ཕྱོགས་ཡོངས་སུ་གནས་སྟངས་དེ་བས་ཀྱང་ཚབས་ཇེ་ཆེར་བཏང་ཡོད། ཅེས་ཉི་མ་འོད་ཟེར་ལགས་ཀྱིས་བརྗོད་སོང་།

དེར་བརྟེན་ད་ལྟའི་བོད་ནང་གི་སྐད་ཡིག་དང་རིག་གཞུང་ཉེན་ཚབས་ལས་སྐྱོབ་ཕྱིར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་སྐོར་གྱི་ཆེད་མཁས་མི་སྣ་ངེས་པར་དུ་བོད་དུ་རྟོག་ཞིབ་ཆེད་མངགས་གཏོང་ཡོང་ཐབས་སུ་འབད་འབུངས་རྒྱ་ཆེར་བྱེད་དགོས་པ་དང་རྒྱ་ནག་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་ས་ཁུལ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་ཆེས་མཁས་པ་རྣམས་དུས་ངེས་མེད་ལ་རྟོག་ཞིབ་ཆེད་ཡོང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།