26
Tue, Oct

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༧ཉིན། ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། པར། དབྱངས་ཅན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༧ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་༡༩་པ་གདོང་ལེན་བྱེད་སྟངས་དང་། ད་ལྟའི་ཆར་རྒྱ་གར་ནང་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་བརྒྱ་ཆ་༩༡་༡༧ དང་། དེའི་ནང་ནས་སྔོན་འགོག་སྨན་ཁབ་གཉིས་ཀར་བརྒྱབ་ཟིན་པ་བརྒྱ་ཆ་ ༣༨་༥༠ ཡིན་ཞིང་། སྔོན་འགོག་སྨན་ཁབ་དང་པོ་བརྒྱབ་ཟིན་པ་བརྒྱ་ཆ་ ༥༢་༦༧ ཡིན་སྐོར་སོགས་ཀྱི་ཐད་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༡༡་ཐོག བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས། ཚོགས་མི་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། གསོ་བོ་རིག་པ་སྨན་པ་རིན་ཆེན་བཟང་མོ་ལགས་བཅས་ཀྱིས་ཏོག་དབྱིབས་གཉན་རིམས་༡༩་པ་གདོང་ལེན་བྱེད་ཕྱོགས་དང་སྔོན་འགོག་སྨན་ཁབ་བརྒྱབ་དང་རྒྱག་བཞིན་པའི་སྐོར་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་སྐོར་གསར་འགོད་ལྷན་ཚོགས་ཞིག་ཚོགས་སོང་།

ཐོག་མར། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་དོན་གྲུབ ལགས་ཀྱིས་བརྗོད་དོན། དང་ཐོག་བཙན་བྱོལ་བོད་མི་ཁྲོད་ཏོག་ནད་སྔོན་འགོག་སྨན་ཁབ་རྒྱག་རྒྱུར་དོགས་པ་དང་དཀའ་ངལ་ཕྲན་བུ་བྱུང་བ་རེད། འོན་ཀྱང་། ༸གོང་ས་མཆོག་གཙོས་པའི་བླ་ཆེན་རྣམ་པས་རིམ་པར་སྔོན་ཁབ་བཞེས་གནང་བར་བརྟེན། སྔོན་ཁབ་ཐད་ཀྱི་དོགས་པ་རྣམས་སེལ་ནས་རིམ་པར་སྔོན་ཁབ་རྒྱག་མཁན་ཇེ་མང་དུ་གྱུར་ཞིང་། ད་ལྟའི་ཆར་བལ་ཡུལ་ནང་དུ་བོད་མི་བརྒྱ་ཆ་སུམ་༣༦ཙམ་ལ་སྔོན་ཁབ་བརྒྱབ་ཟིན་པ་དང་། རྒྱ་གར་དུ་བཙན་བྱོལ་བོད་མི་བརྒྱ་ཆ་དགུ་ཅུ་ལྷག་ལ་སྔོན་ཁབ་བརྒྱབ་ཟིན་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། ཏོག་ནད་ཀྱི་དཀའ་ངལ་ཁྲོད་བོད་མི་ཚོགས་སྒེར་ངོས་ནས་དཔལ་འབྱོར་རོགས་རམས་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ། ད་བར་ཚོགས་པ་༡༤་དང་སྒེར་ངོས་ནས་ཕུལ་མཁན་བརྒྱ་ཙམ་བྱུང་འདུག ཅེས་གསུངས་སོང་།

དེ་ནས། སྲིད་སྐྱོང་མཆོག་གིས་གསུང་དོན། སྲིད་སྐྱོང་གི་ལས་ཁུར་ཞུས་ནས་ལས་གཞི་དང་པོ་དེ་ཏོག་དབྱིབས་གཉན་རིམས་ལ་དོ་སྣང་བྱས་ཏེ་ཏོག་དབྱིབས་གཉན་རིམས་ཛ་དྲག་ཚོགས་ཆུང་བཅོས་སྒྲིག་བྱེད་རྒྱུའི་མཚོན་པའི་གྲ་སྒྲིག་བྱེད་དགོས་རིགས་བྱས་ཤིང་། ད་ལྟའི་ཆར་རྒྱ་གར་ནང་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་བརྒྱ་ཆ་༩༡་༡༧ ཡིན་པ་དང་། དེའི་ནང་ནས་སྔོན་འགོག་སྨན་ཁབ་གཉིས་ཀར་བརྒྱབ་ཟིན་པ་བརྒྱ་ཆ་ ༣༨་༥༠ ཡིན་ཞིང་། སྔོན་འགོག་སྨན་ཁབ་དང་པོ་བརྒྱབ་ཟིན་པ་བརྒྱ་ཆ་ ༥༢་༦༧ ཆགས་འདུག ཅེས་དང་།

ཡང་ཁོང་གིས་མུ་མཐུད་གསུང་དོན། ད་ཐེངས་བཙན་བྱོལ་བོད་མི་རྣམས་ལ་ཏོག་ནད་སྔོན་འགོག་གི་སྨན་ཁབ་བརྒྱབ་ཐུབ་པ་བྱུང་བའི་གྲུབ་འབྲས་དེ་དག་ནི། གཙོ་བོ་སྤྱི་སྒེར་གཉིས་ཀྱིས་མཉམ་རུབ་ཀྱི་ནུས་པ་བཏོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ང་ཚོ་ཚང་མས་ངོ་འཛིན་གནང་དགོས། ངོས་འཛིན་གནང་བ་ནང་བཞིན་ད་རེས་མཉམ་རུབ་ཀྱི་ནུས་པ་སྤུངས་མཁན་སྤྱི་སྒེར་ཡོངས་དང་། ལྷག་པར་དུ་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག སྒྲིག་འཛུགས། ཚོགས་པ་སྐྱིད་སྡུག་མང་དག་ཅིག་གིས་མཐུན་འགྱུར་ཧ་ཅང་མང་པོ་གནང་བྱུང་། ད་དུང་ཕྱི་རྒྱལ་ཁག་ནས་རོགས་དངུལ་གནང་བ་དེ་དག་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ཏོག་དབྱིབས་གཉན་རིམས་འདི་མ་འོངས་པར་ཞི་འཇམ་བྱུང་བའི་རྗེས་ཁོང་རྣམ་པ་ཚང་མར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཕྱག་འཁྱེར་འབུལ་རྒྱུར་འཕྲོད་བསྟེན་ལས་ཁུངས་ནས་གྲ་སྒྲིག་གནང་དང་གནང་བཞིན་པ་རེད། ཅེས་གསུངས་སོང་།

དེ་བས། ནད་ཡམས་ཀྱི་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་མཁན་ཚོར་རོགས་སྐྱོར་གནང་ཕྱོགས་ཀྱི་ཐད་ནས་གསུང་དོན། ད་ལྟའི་ནད་ཡམས་གྱིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་མཁན་རྣམས་ལ་རོགས་སྐྱོར་གྱི་འཆར་གཞི་སྒྲིག་པ་ལྟར། དེ་དག་ས་གནས་འགོ་འཛིན་སོ་སོའི་བརྒྱུད་ནས་རྒྱ་གར་དང་བལ་ཡུལ་ནས་ཐོ་གཞུང་བླངས་ཏེ་གྲངས་ཐོ་སུམ་སྟོང་ཙམ་འབྱོར་བ་དེ་དག་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པ་རྣམས་ནང་སྲིད་ལས་ཁུངས་བརྒྱུད་དངོས་འབྲེལ་དཀའ་ངལ་ཡོད་མཁན་ཁྱིམ་ཚང་རེར་སྒོར་ཁྲི་རེར་བགོ་འགྲེམས་ཐུབ་པ་བྱུང་ཡོད། ཁག་གཅིག་ལ་བགོ་འགྲེམས་ཞུ་རྒྱུ་ལྷག་ཡོད། དེ་དག་ལ་མུ་མཐུད་བགོ་འགྲེམས་གནང་གི་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

དེའི་རྗེས་ནས། ཚོགས་མི་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། གསོ་བོ་རིག་པ་སྨན་པ་རིན་ཆེན་བཟང་མོ་ལགས་བཅས་ཀྱིས་སྥྱིར་ཏོག་དབྱིབས་གཉན་རིམས་༡༩་པར་གདོང་ལེན་བྱེད་ཕྱོགས་དང་། ཁྱད་པར་དུ་ནད་རླབས་གསུམ་པར་གདོང་ལེན་བྱེད་པའི་གྲ་སྒྲིག་བྱེད་ཕྱོགས་སོགས་ཀྱི་སྐོར་ནས་གསུངས་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།