26
Fri, Apr

དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་ངག་དབང་བསམ་གཏན་ལགས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༡༢་ཚེས་༨་ཉིན་སྤེལ། ༢༠༢༠-༢༡་ལོ་ནི་༸གོང་ས་མཆོག་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་བདུན་ཕྲག་གཅིག་རིང་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བོད་ཀྱི་ཆོས་བརྒྱུད་བླ་ཆེན་དབུ་ཁྲིད་རྣམ་པས་དབུས་རྒྱལ་ཁབ་འདྲ་མིན་བཅུ་དགུའི་མཁས་དབང་དང་ཤེས་ཡོན་ཅན་སོགས་མི་གྲངས་ ༡༢༠ ནས་བརྙན་འཕྲིན་བརྒྱུད་སྐད་རིགས་བཅོ་ལྔའི་ནང་དུ་གསུང་བཤད་དང་བགྲོ་གླེང་གནང་བཞིན་འདུག

དེ་ཡང་། ཟླ་འདིའི་ཚེས་༤ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག ༧སྐུའི་གསུང་སྒྱུར་གླང་རི་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་སྐོར་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་སྐོར། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་སྐོར། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་གསུང་བཤད་གནང་འདུག

ཐོག་མར། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་དོན། ༡༩༧༣་ལོར་༸གོང་ས་མཆོག་ཐོག་མར་ཡུ་རོབ་ནང་དུ་ཕེབས་པ་དང་། དེའི་རྗེས་ཨ་རི་སོགས་ཕེབས་ཡོད། དེའི་སྐབས་སུ་ནས་༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་རང་བཞིན་དང་། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་གཏོང་ཐབས་སྐོར་གྱི་གསུང་བཤད་གནང་འདུག ༸གོང་ས་མཆོག་གིས་ཆོས་ལུགས་ལ་བསྟུན་མི་དགོས་པར་ལེགས་ཉེས་བླངས་དོར་སྐོར་གསུང་གི་ཡོད། ལེགས་ཉེས་བླངས་དོར་དང་མི་ཚང་མར་བདེ་བར་འདོད་པ་དང་སྡུག་བསྔལ་མི་འདོད་སོགས་གཞི་བཞག་ཐོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་གཞི་འདི་བྱུང་བ་རེད། དེའི་ཐོག་༸གོང་ས་མཆོག་གི་མཛད་པ་ཧ་ཅང་ཆེན་པོ་བཅངས་ཡོད། གཞན་ཡང་། ༡༩༨༩་ལོར་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེའང་ཁོང་གི་སྤྱི་ཁྱབ་ཀྱི་འགན་འཁྲི་འཁྱེར་ཀྱི་ཡོད་པའི་མཚོན་རྟགས་ཤིག་རེད།

༸གོང་ས་མཆོག་གི་ཐུགས་དགོངས་རྟོག་འདོད་ཡོད་ཕྱིར། སྟོང་ལོ་གསར་པའི་བཟང་སྤྱོད་(Ethics for the new millennium) དང་། ཆོས་ལུགས་ལས་འདས་པའི་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་སྤྱོད་ (Beyond religion: Ethics for a whole world)་ཀློག་ཐུབ་ན་ཡག་པོ་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་དོན། ༸གོང་ས་མཆོག་ལ་བཀའ་དྲིན་གསོ་ཐབས་ཡག་ཤོས་ནི་ཁོང་གི་རྒྱུན་དུ་གསུང་པའི་བྱམས་བརྩེ་འདི་ལག་བསྟར་བྱེད་རྒྱུ་དེ་རེད། སྤྱི་ཆོས་ལུགས་ནི་མིའི་དཀའ་ངལ་སེལ་ཆེད་དུ་ཡིན་ཡང་། ཆོས་ལུགས་བར་གྱི་རྙོག་འཛིང་མང་པོ་བྱུང་ཡོད། དེར་བརྟེན། ༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་གནང་དང་གནང་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་ཡོང་བའི་གཞི་རྩ་ནི་ཆོས་ལུགས་ཕུན་ཚུན་བར་ལ་བཅོས་མིན་གྱི་བརྩི་གུས་དང་གོ་རྟོགས་དགོས་པ་དེ་ཡིན་པར་༸གོང་ས་མཆོག་གིས་དགོངས་ཀྱི་ཡོད། ༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་གཞི་རྩ་ནི་ཆོས་ལུགས་ཁག་གི་གསུང་ཆོས་ནང་དུ་ཐུན་མོང་དུ་ཡོད་པའི་བྱམས་དང་སྙིང་རྗེ། བཟོད་སྒོམ། བརྩེ་བ། གཞི་རྩའི་བཟང་སྤྱོད་བཅས་ཀྱི་ཐོག་ནས་གསུང་གི་ཡོད་ཅེས་སོགས་གསུངས་འདུག

དེ་ནས། དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་དོན། མི་ཞིག་གི་ངོ་བོ་ནི་དེའི་རིག་གཞུང་དང་སྐད་ཡིག་ལས་ཁ་བྲལ་ཐབས་མེད་པ་ཞིག་རེད། མི་ཞིག་གི་རྒྱལ་ཁབ་དང་ངོ་བོ་ནི་མི་དེའི་རིག་གཞུང་དང་སྐད་ཡིག་གི་ཚབ་བྱེད་ཀྱི་ཡོད། བོད་ལ་རིག་གཞུང་དང་དཔལ་ཡོན་ཕྱུག་པོ་ཡོད། བོད་ཀྱི་རིག་གཞུང་ནི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ནང་དུ་བསྡུས་ཡོད། རིག་གཞུང་འདི་ཡིས་འགྲོ་བ་མིར་ཕན་ཐོགས་ངེས་ཅན་ཡོད་པར་ཚན་རིག་པས་བརྟག་དཔྱད་བརྒྱུད་ནས་བཤད་ཡོད། དེར་བརྟེན། ༸གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཡོང་ཐབས་ཐོག་སྐུ་ལས་ཤུགས་ཆེན་སྐྱོན་བཞིན་ཡོད། འོན་ཀྱང་། ད་ལྟར་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་འཆི་འཇིགས་ཀྱི་ཉེན་ཁ་ལ་སླེབས་ཡོད་ཅིང་། བོད་མི་ཚོས་ངེས་པར་དུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོག་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཏང་གནང་སོང་།

མཐའ་མར། དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་གསུང་དོན། ༸གོང་ས་མཆོག་རྒྱ་གར་བཙན་བྱོལ་དུ་ཕེབས་རྗེས། བོད་ཀྱི་ནང་ཆོས་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐོག་སྐུ་ལས་སྐྱོན་ཡོད། ༸གོང་ས་མཆོག་གིས་རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནི་ཆོས་ལུགས་ལ་སློབ་སྦྱོང་བྱེད་པ་ཁོ་ན་མིན་པ། རིག་གཞུང་འདིས་འགྲོ་བ་མི་ཡོངས་ཀྱི་བདེ་སྡུག་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་གཟིགས་ཀྱི་ཡོད། དམིགས་བསལ་དཔལ་ན་ལེན་དྲའི་ཤེས་ཡོན་གྱིས་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཕན་ཐོགས་ཡོང་བའི་ཡིད་ཆེས་གནང་གི་ཡོད། ཅེས་སོགས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།