24
ཕུར་བུ།, ཟླ་དགུ་པ།

༢༠༢༠་ལོའི་ཟླ་༨་ཚེས་༢༥་ཉིན། པདྨ་ཀུན་དགའ་ལགས་ཀྱིས་བོད་དོན་ཆེད་རྒྱང་རྒྱུག་ལ་བོད་མི་ཚོས་རྒྱབ་སྐྱོར་བྱེད་བཞིན་པ། པར། པདྨ་ཀུན་དགའ་ཡི་ངོ་དེབ་ལས་བླངས།

བོད་དོན་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༢༦་ཉིན། ཁ་ཎ་ཌ་གནས་སྡོད་བྱས་པའི་བོད་མི་པདྨ་ཀུན་དགའ་ལགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་དང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་བ། དེ་བཞིན་བོད་ནང་ཕར་འགྲོ་ཚུར་ཡོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་ནས་སྤྱི་ལེ་༤༠༠་ཙམ་བོད་དོན་ཆེད་རྒྱང་རྒྱུག་བྱེད་འགོ་བརྩམས་འདུག

དེ་ཡང་། བོད་མི་པདྨ་ཀུན་དགའ་ལགས་ནི་ཕྲུག་གུ་གཉིས་ཀྱི་ཨ་ཕ་དང་། དེ་སྔོན་རྒྱ་གར་མཐའ་སྲུང་དམག་གི་དམག་མི་ཞིག་ཡིན་འདུག ཁོང་གིས་ཁ་ཎ་ཌའི་རྒྱལ་ས་ཨོ་ཊི་ཝཱར་ཡོད་པའི་རྒྱ་མིའི་གཞུང་ཚབ་ཁང་མདུན་ནས་ཊོ་རོན་ཊོ་རྒྱ་མི་གཞུང་ཚབ་ཁང་བར་དུ་སྤྱི་ལེ་༤༠༠་ཙམ་ལ་བོད་དོན་ཆེད་རྒྱང་རྒྱུག་བྱེད་རྒྱུ་ཡིན་པ་དང་། བོད་དོན་ཆེད་རྒྱང་རྒྱུག་བྱས་ནས་དགོས་འདུན་གསུམ་བཏོན་འདུག དེ་དག་ནི། བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་དགོས། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ནང་ཕར་འགྲོ་ཚུར་ཡོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་དགོས་བཅས་ཡིན་འདུག

དེ་བཞིན་ཁོང་གིས་དྲ་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། དེའི་ནང་དུ་ཁོང་གིས་ལས་འགུལ་འདི་སྤེལ་དགོས་དོན་ནི། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་དོན་ཐོག་སྔར་ལས་དོ་སྣང་དང་རྒྱབ་སྐྱོར་ཡོང་ཆེད། དེ་བཞིན་ཁོང་རང་དེ་སྔོན་རྒྱ་གར་མཐའ་སྲུང་དམག་གི་དམག་མི་ཞིག་ཡིན་པའི་ཆ་ནས། ཉེ་སྔོན་འཕགས་བོད་གཉིས་ཀྱི་ས་མཚམས་ལ་རྒྱ་དམར་གྱི་དམག་མི་དང་རྒྱ་གར་གྱི་དམག་མི་བར་འཁྲུག་འཛིང་བྱུང་ནས་རྒྱ་གར་དམག་མི་༢༠་ཡི་ཚེ་སྲོག་ཤོར་ཡོད་པར་གདུང་སེམས་མཉམ་བསྐྱེད་བྱེད་ཆེད་ཡིན་པར་འགྲེལ་བརྗོད་བྱས་འདུག

ཁོང་གི་བོད་དོན་ཆེད་རྒྱང་རྒྱུག་གི་ལས་འགུལ་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཆུ་བཞི་སྒང་དྲུག ཁ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ། ཨོན་ཊར་རི་བོད་རིགས་སྤྱི་མཐུན་ཚོགས་པ། ཊོ་རོན་ཊོ་བོད་ཀྱི་བུད་མེད་ལྷན་ཚོགས། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཁ་ཎ་ཌ་པདྨ་སྐོར་པ་བདེ་སྡུག་ཚོགས་པ། ཨོ་ཊི་ཝཱ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་རྒྱབ་སྐྱོར་གནང་འདུག