18
Tue, Feb

༢༠༢༠་ལོའི་ཟླ་༡་ཚེས་༢༩་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༡་ཚེས་༢༩་ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་(Tibetan Policy and Support Act)དེ་རྒྱབ་སྐྱོར་ཡོད་མེད་ཐོག་འོས་བླུགས་སྐབས། གྲོས་ཚོགས་འཐུས་མི་གྲངས་༣༩༢་ཀྱིས་རྒྱབ་སྐྱོར་གནང་འདུག དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན། ཨ་རི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ(Tibetan Policy and Support Act)་ལ་གྲོས་ཚོགས་འཐུས་མི་༣༩༢་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་དེར། བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་སོང་།

ཐོག་མར། སྲིད་སྐྱོང་མཆོག་གིས་གསུང་དོན། གྲོས་ཚོགས་འོག་མས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་བྱུང་བ་དང་། དམིགས་བསལ་ཁྲིམས་འཆར་དེར་གྲོས་ཚོགས་འཐུས་མི་༣༩༢་ཀྱི་རྒྱབ་སྐྱོར་ཚད་མཐོ་བོ་གནང་འདུག དེར་བརྟེན། ངས་བོད་མིའི་སྒྲིག་འཛུགས་དང་བོད་ནང་གི་བོད་མི་ཚོའི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  སྤྱིར་ཁྲིམས་འཆར་དེ་ནི་༢༠༠༢་ལོར་གཏན་འབེབས་བྱས་ཚར་བ་རེད། ད་ཐེངས་ཁྲིམས་འཆར་དེར་གཞི་བཞག་ཐོག བོད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཡོད་རེད། དེའི་སྔོན། ཁྲིམས་འཆར་དེ་གྲོས་ཚོགས་ཀྱི་ནང་དུ་འགྲོ་ཐུབ་ཀྱི་ཡོད་མེད་ཐོག་སེམས་ཚུབ་བྱུང་སོང་། གལ་སྲིད། ཁྲིམས་འཆར་དེ་འགྲོ་མ་ཐུབ་ན། ༢༠༠༢་ལོར་ཨ་རིའི་གྲོས་ཚོགས་ཀྱི་ནང་དུ་བོད་དོན་རྒྱབ་སྐྱོར་བ་མང་པོ་འདུག ད་ལྟར་ཨ་རིར་བོད་དོན་རྒྱབ་སྐྱོར་བ་མི་འདུག་ཟེར་བ་ཆགས་ན་བརྡ་ལེན་གོ་ནོར་ཐེབས་རྒྱུའི་ཉེན་ཁ་ཡོད་རེད། ད་ཐེངས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་ཐོབ་དུས། ཨ་རི་དེའི་སྔོན་བོད་དོན་རྒྱབ་སྐྱོར་ཡོད་པ་ནང་བཞིན་ད་ལྟའང་རྒྱབ་སྐྱོར་ཡོད་པ་བརྡ་ལེན་ཤུགས་ཆེན་བཏང་ཡོད། ཅེས་གསུངས་སོང་།

ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་གྲོས་ཚོགས་འོག་མིའི་ཚོགས་གཙོ་ལྕམ་ནེ་སི་པོ་ལོ་སི་(Nancy Pelosi)་མཆོག་རེད། ཁྲིམས་འཆར་བཏོན་མཁན་ཇོན་མར་ཁི་གྷོ་ཝན་(Jim McGovern)མཆོག་རེད། གྲོས་ཚོགས་འཐུས་མི་མང་པོ་ཞིག་གི་ཁྲིམས་འཆར་དེའི་ཐོག་གཏམ་བཤད་གནང་འདུག འཐུས་མི་མང་པོ་ཞིག་དེའི་སྔོན་ང་ཨ་རིར་བཅར་སྐབས་ཐུག་ཚར་བ་རེད། དེའི་ནང་ནས་ལྕམ་ནེ་སི་པོ་ལོ་སི་མཆོག་གིས་གྲོས་ཚོགས་ཀྱི་ནང་དུ་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་མཆོག་གིས་དེའི་སྔོན་གྲོས་ཚོགས་འཐུས་མི་ཚོར་ཚོང་དང་ཁེ་ཕན་ལ་ཁོ་ནར་མི་ལྟ་བར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་འདུག དེ་བཞིན། ཇན་མར་ཁི་གྷོ་ཝན་མཆོག་གིས་བོད་མིའི་སྒྲིག་འཛུགས་ནི་བོད་པའི་སྐུ་ཚབ་མཚོན་ཐུབ་མཁན་དང་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚོའི་དངོས་འདོད་རྟོགས་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་རེད། ཅེས་གྲོས་ཚོགས་ནང་དུ་གསུངས་འདུག ཁོང་རྣམ་པ་གཉིས་ཀྱིས་དེ་ལྟར་གསུངས་པ་ནི། བོད་མིའི་སྒྲིག་འཛིན་ནི་བོད་མིའི་སྐུ་ཚབ་ཡིན་པར་ངོ་ལེན་དང་། ༸གོང་ས་མཆོག་གིས་གནང་བའི་མང་གཙོ་དེར་རྒྱབ་སྐྱོར་ཚད་མཐོ་བོ་ཡོད་པའི་རྣམ་པ་བཏོན་ཐུབ་པ་དེ་ནི་གཟི་བརྗེད་ཅིག་རེད། ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ད་ལྟར་ཁྲིམས་འཆར་གྲོས་ཚོགས་འོག་མིའི་ནང་དུ་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་རེད། དེའི་རྗེས། གྲོས་ཚོགས་གོང་མའི་ནང་དུ་འགྲོ་དགོས་རེད། ད་ལྟའི་ཆར་གྲོས་ཚོགས་གོང་མིའི་ནང་དུ་བོད་དོན་རྒྱབ་སྐྱོར་བ་གྲངས་༡༣་ཡོད་རེད། དེའི་སྔོན་ང་ཨ་རིར་བཅར་སྐབས་ཐུག་པའི་འཐུས་མི་ཁག་ཅིག་ཡོད། དེར་བརྟེན། གྲོས་ཚོགས་གོང་མིའི་ནང་དུ་བསྡོམས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མཁན་༢༠་གཡས་གཡོན་ཡོད། གྲོས་ཚོགས་ནང་དུ་འཐུས་མི་༢༠་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་མཁན་ཡིན་དུས། ཁྲིམས་འཆར་དེར་གྲོས་ཚོགས་ཀྱི་ནང་དུ་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་ཆེ་བ་ཡོད་རེད། དེ་བཞིན་ཌེན་ཧྥིན་སི་ཊན(Dianne Feinstein)དང་པ་ཁྲི་ཁི་ལེ་ཧེ་(Patrick Leahy)་མར་ཀོ་རུ་སྦི(Marco Rubio)་བཅས་ནི་ཁྲིམས་འཆར་དེ་རྒྱབ་སྐྱོར་བྱེད་མཁན་རེད། ཁོང་ཚོ་གྲོས་ཚོགས་ཀྱི་ནང་དུ་གནས་རིམ་མཐོ་བོ་ཞེ་དྲག་རེད། ཁོ་ཚོས་རྒྱབ་སྐྱོར་བྱས་ཚར་རྗེས། འཐུས་མི་གཞན་ཚོས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་རེད། དེ་བཞིན་ཊོམ་ཀོ་ཊོན( Tom Cotton)མཆོག་དང་ཐུག་རྒྱུ་བྱུང་སོང་། ཁོང་གིས་རྒྱབ་སྐྱོར་བྱས་རྗེས་སྲིད་འཛིན་ཁྲུམ་ཕུ་མཆོག་གིས་མང་ཆེ་བར་རྒྱབ་སྐྱོར་བྱེད་ཀྱི་འདུག གང་ལྟར། ང་ཚོས་ཁྲིམས་འཆར་དེ་བརྟན་པོ་ཆགས་བསྡད་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

སྤྱི་ཟླ་༢་པའི་ནང་དུ་ང་སླར་ཡང་ཨ་རི་ལ་ཁྲིམས་འཆར་དེར་རྒྱབ་སྐྱོར་ཐོབ་ཆེད་འགྲོ་ཡི་ཡོད། བྱང་ཨ་རི་ལ་ཡོད་པའི་བོད་མི་དང་བོད་དོན་སྐྱོར་བ་ཚོས་གྲོས་ཚོགས་འཐུས་མིར་ཡིག་ངག་གཉིས་ཐོག་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་ཐབས་གནང་དགོས་པ་དང་། ཞུ་གཏུགས་ལས་འགུལ་སྤེལ་དགོས་པ་གལ་ཆེ་པོ་རེད། དེའི་སྔོན། སྲིད་སྐྱོང་གི་མིང་ཐོག་ནས་ཨ་རིའི་གྲོས་ཚོགས་འཐུས་མི་གྲངས་༥༣༥་ཚང་མར། ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོང་བའི་ཡི་གེ་དོན་གཅོད་ཁང་བརྒྱུད་ནས་བཏང་ཡོད། དེ་ནི་ང་ཚོས་ཡུན་རིང་ནས་དཀའ་ལས་བརྒྱབ་ནས་ཐོན་པའི་འབྲས་བུ་རེད། དེར་བརྟེན། རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཁྲིམས་འཆར་དེའི་ནང་དོན་གཙོ་བོ་ནི། དང་པོ། རྒྱ་ནག་གི་འགོ་ཁྲིད་སུས་༸གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱས་ན། ཉེས་ཆད་ནི་རྒྱུ་ནོར་བསྡམས་བཅད་དང་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུ་དང་། ཁྲིམས་འཆར་དེ་ཁྲིམས་ཆགས་ན་ཨ་རིའི་གཞུང་འབྲེལ་གྱི་སྲིད་བྱུས་བཟོས་ནས། ༸གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་པ་གཙོ་པའི་བོད་པའི་བླ་ཆེན་ཁག་གི་ཡང་སྲིད་ནི་ཆོས་ཕྱོགས་ཀྱི་་དོན་དག་ཅིག་ཡིན་པ། བོད་པའི་སྤྱི་ཚོགས་ཁོ་ནར་ཡང་སྲིད་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ། གཉིས་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་གི་དོན་གཅོད་ཁང་འཛུགས་བཅུག་དགོས་པ། གལ་སྲིད་འཛུགས་མ་བཅུག་བར་དུ། རྒྱ་གཞུང་གི་དོན་གཅོད་གསར་པ་ཨ་རིའི་ནང་དུ་ཡོང་མི་ཆོག་པ། གསུམ་པ། བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་གང་སར་གནས་པའི་བོད་མི་ཚོའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པ་དང་། བོད་མི་ཚོའི་མངོན་འདོད་མཚོན་ཐུབ་མཁན་དེའང་ཡིན་པའི་ངོས་ལེན། བཞི་པ། བོད་ཀྱི་ཁོར་ཡུག་ཐོག་སྲུང་སྐྱོབ་དགོས་པའི་སྐོར། ལྔ་པ། བོད་ནང་དང་བཙན་བྱོལ་བོད་མིར་རྒྱབ་སྐྱོར། དྲུག་པ། རྒྱ་ནག་ལ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐོག་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།