24
ཕུར་བུ།, ཟླ་དགུ་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༨་ཚེས་༡༡་ཉིན། རྒྱ་གར་ནང་དུ་ཡོད་པའི་རྒྱ་ནག་གི་ཚོང་གཉེར་ཁག་ཅིག་གིས་ཁྲིམས་འགལ་གྱི་སྒོ་ནས་རྙེད་པའི་སྒོར་མོ་རྣམས་དངུལ་ཁང་དུ་བཅོལ་བ་བརྟེན། རྒྱ་གར་གཞུང་དཔྱད་ཁྲལ་ལས་ཁུངས་ཀྱིས་གློ་བུར་སྔོན་གཤེར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༡་ཕྱི་དྲོར། རྒྱ་གར་དཔྱ་ཁྲལ་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པར་ལྟར་ན། རྒྱ་གར་ནང་དུ་རྒྱ་ནག་གི་ཚོགས་པ་ཡང་ན་ཚོང་གཉེར་ཁང་ཁག་ཅིག་གིས་ཁྲིམས་འགལ་གྱི་སྒོ་ནས་རྙེད་པའི་སྒོར་མོ་རྣམས་རྒྱ་གར་གྱི་དངུལ་ཁང་ཁ་བྱང་འདྲ་མིན་ཐོག་བླུགས་ཡོད་པར་བརྟེན། རྒྱ་གར་དཔྱ་ཁྲལ་ལས་ཁུངས་ཀྱིས་དེ་དག་གློ་བུར་སྔོག་གཤེར་བྱས་འདུག

འདི་ལོའི་ཟླ་༦་པར་རྒྱ་གར་དང་རྒྱ་ནག་གཉིས་བར་ས་མཚམས་རྩོད་རྙོག་བྱུང་བ་ནས་བཟུང་། རྒྱ་གར་གཞུང་གིས་རྒྱ་ནག་གི་མཉེན་ཆས་༥༩་སྒོ་བརྒྱབ་པ་དང་རྒྱ་ནག་གི་ཚོང་དངོས་ནང་འདྲེན་བྱེད་རྒྱུར་དོ་དམ་ནན་པོ་བྱས་ཡོད། ད་ཐེངས་ཀྱང་། རྒྱ་གར་གཞུང་གིས་རྒྱ་ནག་གི་ཚོང་གཉེར་ཁང་ཁག་ཅིག(ད་དུང་གསལ་ཁ་སྟོན་མེད)ཁྲིམས་འགལ་གྱི་སྒོ་ནས་སྒོར་མོ་རྙེད་ཡོད་པའི་དོགས་གཞི་འོག ཚོང་གཉེར་ཁང་དེ་ཚོ་གློ་བུར་གྱི་སྔོན་གཤེར་བྱས་ཡོད་པར་གསལ་འདུག

བསྒྲགས་གཏམ་དེར་གཞི་ན། རྒྱ་མི་ཁག་ཅིག་དང་། ཁོ་ཚོའི་རོགས་པ། དེ་བཞིན་རྒྱ་གར་དངུལ་ཁང་གི་ལས་བྱེད་ཁག་ཅིག་མཉམ་རུབ་བྱས་ནས་དངུལ་ནག་གི་བྱ་བ་བསྒྲུབ་ཡོད་འདུག ཁོ་ཚོས་ཚོང་གཉེར་ཁང(shell company)ཡང་ན་མིང་ཙམ་གྱི་ཚོང་གཉེར་ཁང་འདྲ་མིན་བརྒྱུད་ནས་ཁྲིམས་འགལ་གྱི་སྒོ་ནས་རྙེད་པའི་སྒོར་མོ་རྣམས་དངུལ་ཁང་དུ་བཅོལ་བ་ཡོད་འདུག

རྒྱ་གར་གཞུང་གིས་རྒྱ་མི་དེ་ཚོས་དངུལ་ནག་གི་བྱ་བ་སྒྲུབ་ཀྱི་ཡོད་པ་ནི། རྒྱ་མི་དེ་ཚོས་ལྐོག་ནས་ཚོགས་འདུ་ཞིག་ཚོགས་ཡོད་པ་ལས་ཤེས་རྟོགས་བྱུང་འདུག རྒྱ་མི་དེ་ཚོས་ཚོང་གཉེར་ཁང་མིང་རྫུན་མ་ཁག་ཅིག་བརྒྱུད་ཁྱོན་དངུལ་ཁང་ཁ་བྱང་༤༠་ལྷག་བཟོས་ནས་དུས་ཚོད་ཁ་ཤས་ནང་དུ་རྒྱ་གར་སྒོར་མོ་ཐེར་འབུམ་༡༠་ལྷག་དངུལ་ཁང་ནང་དུ་བླུགས་ཡོད་པར། བསྒྲགས་གཏམ་དེར་ལས་གསལ་ཡོད་འདུག

རྒྱ་གར་གཞུང་གིས་སྔོག་གཤེར་བྱེད་སྐབས། རྒྱ་མི་དེ་ཚོས་ཨ་སྒོར་དང་ཧོང་ཀོང་སྒོར་མོ་གཏོང་ལེན་བྱས་ཡོད་པའི་དཔང་རྟགས་རྙེད་ཡོད་འདུག རྒྱ་ནག་གི་ཚོང་གཉེར་ཁང་ཞིག་གི་ཚོང་ཁང་ཅིག་གིས་རྒྱ་གར་ནང་དུ་ཚོང་ཁང་ཅིག་འཛུགས་རྒྱུའི་མིང་ཐོག་ནས་རྒྱ་གར་སྒོར་མོ་ཐེར་འབུམ་གཅིག(ཨ་སྒོར་ས་ཡ་༡༣.༤)ལེན་ཡོད་པར་བསྒྲགས་གཏམ་དེ་ལས་གསལ་འདུག

རྒྱ་ནག་གི་ཚོང་གཉེར་ཁང་ཡང་ན་ཚོགས་པ་དེ་ཚོ་གང་དང་གང་ཡིན་མིན་དང་། ག་དུས་གློ་བུར་དུ་སྔོག་གཤེར་བྱས་ཡོད་མེད་སོགས་ད་དུང་གསལ་བསྒྲགས་བྱས་མིན་འདུག བརྟག་དཔྱད་མུ་མཐུད་ནས་འགྲོ་བཞིན་ཡོད་འདུག