26
Fri, Apr

ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་ཨ་རིར་ཡོང་བའི་མཐོང་མཆན་འགོག་སྲིད་པ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༧་ཚེས་༡༧་ཉིན་སྤེལ། ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་ནང་མི། དེ་བཞིན་ཚོང་གཉེར་ཁང་གཙོ་འཛིན་སོགས་ཨ་རིར་ཡོང་བའི་མཐོང་མཆན་འགོག་པའི་གྲོས་འཆར་ཞིག་འགྲོ་བཞིན་ཡོད་པའི་གསར་འགྱུར་ཐོན་འདུག

དེ་ཡང་། ཟླ་འདིའི་ཚེས་༡༦་ཉིན། ཊོམ་གྱིས་འགོ་ཁྲིད་པའི་ཨ་རི་སྲིད་གཞུང་གིས་རྒྱ་ནག་ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པའི་ཚོགས་མི་དང་ནང་མི། དེ་བཞིན་སློབ་ཆེན་ཁག་ཅིག་གི་གཙོ་འཛིན། ཚོང་གཉེར་ཁང་གི་གཙོ་འཛིན་བཅས་ཁྱོན་རྒྱ་མི་ས་ཡ་༩༢་ཨ་རིར་ཡོང་བའི་མཐོང་མཆན་འགོག་པའི་གྲོས་འཆར་ཞིག་འགྲོ་བཞིན་ཡོད་པར། གྲོས་འཆར་དེར་རྒྱུན་ལོན་ཡོད་མཁན་ཞིག་གིས་ནིའུ་ཡོར་གསར་ཁང་ལ་འགྲེལ་བརྗོད་བྱས་འདུག

ཉེ་ཆར་ཨ་རིའི་མཐོ་རིམ་ལས་བྱེད་པ་ཁག་ཅིག་གིས་རྒྱ་ནག་དམར་ཤོག་ཚོགས་མི་དང་ནང་མི་སོགས་ཨ་རིར་ཡོང་བའི་མཐོང་མཆན་བཀག་འགོག་བྱ་རྒྱུའི་གྲོས་འཆར་ཞིག་ནང་ཁུལ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དང། གྲོས་འཆར་དེའི་སྐོར་ཨ་རི་སྲིད་འཛིན་ཊོམ་ལ་ད་དུང་ཞུས་མེད་པ་རེད། ཅེས་འགྲེལ་བརྗོད་བྱས་འདུག གལ་སྲིད། རྒྱ་ནག་དམར་ཕྱོགས་ཚོགས་མིར་ཨ་རིར་ཡོང་བའི་མཐོང་མཆན་བཀག་འགོག་གི་གྲོས་འཆར་དེ་ཁྲིམས་ཆགས་ན། དམར་ཕྱོགས་ཚོགས་མི་དང་། རྒྱ་ནག་དང་ད་ལྟར་ཨ་རིར་ཡོད་པའི་ཁོ་ཚོའི་ནང་མིའང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་མ་ཟད། ཨ་རིའི་མི་སེར་རྒྱ་ནག་ནང་དུ་ཡོད་མཁན་དང་འགྲོ་མཁན་ཚོར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

གྲོས་འཆར་དེའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་མིའི་ཕྲུག་གུ་ཨ་རིའི་མཐོ་སློབ་ནང་དུ་སློབ་སྦྱོང་བྱེད་ཆེད་དུ་ཡོང་རྒྱུར་བཀག་འགོག་བྱེད་རྒྱུ་ཡིན་མིན་སོགས་ཀྱི་སྐོར་གྲོས་བསྡུར་བྱ་རྒྱུ་ཡིན་པར་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཁི་པོམ་ལ་གྲོས་འཆར་དེའི་སྐོར་སྐོར་འདྲི་སྐབས། དྲུང་ཆེ་ལགས་ཀྱིས་གནས་ཚུལ་དེའི་སྐོར་བདེན་མིན་གང་ཡང་བརྗོད་མེད་ཀྱང་། ཨ་རི་སྲིད་གཞུང་གིས་རྒྱ་ནག་དམར་ཕྱོགས་ཚོགས་པར་རྒོལ་ལེན་ཇི་ལྟར་སྤྲོད་དགོས་མིན་ཐོག་གྲོས་བསྡུར་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ད་ལྟར་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ནི་ལོ་ངོ་བཅུ་ཕྲག་འགའ་ཡི་རིང་ནང་ནས་སྡུག་ཤོས་ཆགས་ཡོད་པ་རེད། དམིགས་བསལ་རྒྱ་གཞུང་གིས་ཏོག་དབྱིབས་རིམས་ནད་ལ་གདོང་ལེན་བྱེད་སྟངས་དང་། ཧོང་ཀོང་ལ་ཁྲིམས་གསར་བཏོན་པ། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཚད་སྡུག་ཤོས་གྲས་སླེབས་ཡོད་པར་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱས་འདུག