26
Fri, Apr

ཨ་རིའི་སྲིད་འཛིན་ཊོམ་དང་རྒྱ་ནག་་གི་སྲིད་འཛིན་ཞེ་ཅིང་ཕིང་།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༢༥་ཉིན་སྤེལ། ཨ་རིའི་སྲིད་གཞུང་གིས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་ཚོང་གཉེར་ཁང་ཉི་ཤུའི་མིང་ཐོ་བཏོན་ནས། དེ་དག་ནི་རྒྱ་ནག་གི་དམག་དོན་དང་ཁ་ཐུག་འབྲེལ་བ་ཡོད་པའི་སྐོར་དང་། ཨ་རི་གཞུང་གིས་དེ་དག་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་སྲིད་པའི་གནས་ཚུལ་ཐོན་འདུག

དེ་ཡང་། ཟླ་འདིའི་ཚེས་༢༤་ཉིན། ཨ་རིའི་སྲིད་གཞུང་གིས་ཉེ་ཆར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་ཚོང་གཉེར་ཁང་ཆེ་ཤོས་གྲས་ཧྭ་ཝེ(Huawei)དང་། ཧི་ཀ་ཝི་ཤིན( Hikvision)། རྒྱ་ནག་གི་ཁ་པར(China Mobile)། དེ་བཞིན་རྒྱ་ནག་གི་རྒྱང་འཕྲིན(China Telecom)་སོགས་ཉི་ཤུའི་མིང་ཐོ་བཏོན་ནས། དེ་དག་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དོན་དང་ཁ་ཐུག་འབྲེལ་བ་ཡོད་པའི་གྲངས་ཐོ་ཡིག་ཆ་ཞིག་གྲོས་ཚོགས་ལ་ཕུལ་ཡོད་པར་རུ་ཊེར(Reuter)གསར་ཁང་ནས་གནས་ཚུལ་སྤེལ་འདུག

ད་སྔ་ཚོང་གཉེར་ཁང་དེ་དག་ལ་དཔལ་འབྱོར་གྱི་ཐོག་ནས་ཉེས་ཆད་གང་གཅོད་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་མེད་ཀྱང་། ཨ་རིར་༡༩༩༩་ལོར་བཞག་པའི་ཁྲིམས་ཤིག་གི་ནང་དུ། སྲིད་འཛིན་གྱིས་ཚོང་གཉེར་དེ་དག་གི་ཅ་དངོས་ཆ་ཚང་བཀག་སྡོམ་དང་དཔལ་འབྱོར་གྱི་ཉེས་ཆད་གཅོད་ཆོག་གི་ཡོད་འདུག

སྤྱིར། ༢༠༡༩་ལོར་ཨ་རི་སྲིད་གཞུང་གིས་ཧྭ་ཝེ (Huawei)་ཚོང་གཉེར་ཁང་ནི་ཨ་རི་རྒྱལ་ཁའི་བདེ་འཇགས་ལ་གནོད་སྐྱོན་གཏོང་གི་ཡོད་པ་བརྗོད་ནས། ཡིད་ཆེས་མེད་པའི་ཚོང་གཉེར་ཁང་ཞིག་ལ་ངོ་འཛིན་བྱས་ནས་ནག་ཐོའི་ནང་དུ་བླུགས་ཡོད་པ་མ་ཟད། ཨ་རི་ཡིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཚོང་གཉེར་ཁང་དེའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན(5G network)བཀག་སྡོམ་བྱེད་དགོས་པའི་སྐུལ་མ་བཏང་ཡོད། དེ་བཞིན་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་བཀག་སྡོམ་བྱས་ཡོད།

ཏོག་དབྱིབས་ནད་དུག་གི་རྐྱེན་ཀྱིས་ཨ་རི་ཡིས་རྒྱ་ནག་ལ་སྐྱོན་བརྗོད་མང་པོ་བྱས་ཡོད་པ་དང་། དེ་བཞིན་རྒྱ་གཞུང་གིས་ཧོང་ཀོང་ཐོག་ཏུ་ཁྲིམས་གཞི་གསར་པ་བཏོན་པ་བཅས་ཀྱིས་རྒྱལ་ཁབ་ཕན་ཚུན་བར་ལ་འབྲེལ་ལམ་ལེགས་པོ་མེད། ད་ཐེངས་གནས་ཚུལ་དེ་དག་གིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ད་དུང་སྡུག་ཏུ་འགྲོ་རྒྱུ་ཡིན་པ་བརྒྱུད་ལམ་ཁག་ན་འགྲེལ་བརྗོད་བྱས་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༥་ཉིན། ཨ་རིའི་སྲིད་གཞུང་གི་དྲུང་ཆེ་མེ་ཁི་པོམ་པེ་ཡིས་ཨ་རིའི་དམག་མི་སྡེ་ཡུ་རོབ་ནས་ཨེ་ཤེ་ཡའི་ནང་དུ་སྤོ་བཞིན་ཡོད་སྐོར་དང་། དེ་ནི་རྒྱ་གཞུང་གིས་ཨེ་ཤེ་ཡའི་ནང་གི་རྒྱལ་ཁབ་རྒྱ་གར(India)དང་ཝེ་ནམ(Vietnam)། ཨེ་ཌོ་ནེ་ཤེ་ཡ(Indonesia)། མ་ལ་ཤེ་ཡ(Malaysia)། ཧྥི་ལི་པི(Philippines)། དེ་བཞིན་ལྷོ་རྒྱ་ནག་གི་རྒྱ་མཚོ(the South China Sea)་བཅས་ལ་བཙན་འཛུལ་དང་འཇིགས་སྐུལ་བྱེད་བཞིན་པར་རྒོལ་ལེན་བྱེད་ཆེད་དུ་ཡིན་པར་འགྲེལ་བརྗོད་བྱས་འདུག

དེ་མཚུངས་ཁོ་ཡིས་ཨ་རི་སྲིད་གཞུང་གིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ལ་ཉེས་ཁ་འཕྲད་པ་གཟབ་ནན་ངང་བརྟག་དཔྱད་བྱས་ཡོད་ཅིང་། ཨ་རི་ཡིས་དམག་སྡེ་ཁག་དེ་དག་ས་ཆ་གང་དུ་བགོ་འགྲེལ་བྱེད་དགོས་མིན་སོགས་ཀྱི་ཐོག་བརྟག་དཔྱད་བྱས་ཟིན་པའང་འགྲེལ་བརྗོད་བྱས་འདུག

ཉེ་སྔོན། དྲུང་ཆེ་པོམ་པེ་ཡིས་ཨ་རི་དང་ཡུ་རོབ་གྲོས་མོལ་ཞེས་པ་ཤིག་བཙུགས་ཡོད་པའི་གསལ་བསྒྲགས་སྤེལ་ཏེ། དེ་ནི་ཨ་རིའི་མནའ་འབྲེལ་རྒྱལ་ཁབ(NATO)དང་ལྷན་དུ་རྒྱ་གཞུང་གི་འཇིགས་སྐུལ་ལ་མཉམ་མཐུན་གྱི་གོ་རྟོགས་སྤེལ་ཆེད་ཡིན་པར་འགྲེལ་བརྗོད་བྱས།