18
Tue, Feb

ཏོག་དབྱིངས་ཅན་གྱི་གློ་ནད།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༡་ཚེས་༢༨་ཉིན་སྤེལ། རྒྱ་ནག་ཝུ་ཧན་ནས་བྱུང་བའི་ཏོག་དབྱིབས་ཅན་གྱི་གློ་ནད་དེའི་རྐྱེན་གྱིས་རྒྱ་མི་གྲངས་༡༠༦་གི་ཚེ་སྲོག་ཤོར་ཡོད་པ་དང་ནད་དེ་ཕོག་མཁན་༤༥༠༠་བྱུང་འདུག ད་ལྟར་འཛམ་གླིང་གི་རྒྱལ་ཁབ་བཅུ་དྲུག་ནང་དུ་ནད་ཡམས་དེ་ཁྱབ་ཚར་ཡོད་པ་ར་སྤྲོད་བྱུང་འདུག རྒྱ་གར་ནང་དུ་གློ་ནད་དེ་དང་འདྲ་བའི་ནད་རྟགས་ཐོན་པའི་མི་དྲུག་ད་ལྟར་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་ཡོད་འདུག

དེ་ཡང་། དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བའི་ནང་དུ། ༢༠༡༩་ལོའི་ཟླ་༡༢་པའི་ནང་རྒྱ་ནག་ཝུ་ཧན་ནས་བྱུང་བའི་གློ་ནད་དེས། ད་ལྟར་རྒྱ་ནག་གི་མི་༡༠༦་གི་ཚེ་སྲོག་འཁྱེར་ཡོད་པ་དང་། མི་གྲངས་༤༥༠༠་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པར་བརྗོད་འདུག ད་ལྟའི་ཆར། འཛམ་གླིང་གི་རྒྱལ་ཁབ་༡༦་ནང་དུ་ནད་ཡམས་དེ་ཁྱབ་ཡོད་པར་ར་སྤྲོད་བྱུང་འདུག རྒྱལ་ཁབ་དེ་དག་ནི། ཨ་རི་དང་། ཉི་ཧོང་། ཨོ་གླིང་། ཁ་ཎ་ཌ། ཧྥ་རན་སི། འཇར་མན། བལ་ཡུལ། མྰ་ལྰ་ཞི་ཡ། ལྷོ་ཀོ་རི་ཡ། ཐེ་ཝན། སི་གྷ་པུ། ཐེ་ལེན། ཝེད་ནམ། ཁོམ་བྷོ་ཌི། སིང་གྷ་ལ། བཅས་ཡིན་འདུག

རྒྱ་གར་གྱི་མངའ་སྡེ་ཧན་ཌི་བྷ་ཐིའི་ནང་དུ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་གར་གྱི་མི་བཞི་ལ་གློ་ནད་དེའི་ནད་རྟགས་འདྲ་བོ་བྱུང་ནས་སྨན་ཁང་གི་ནང་དུ་ལོགས་དགར་ཉར་ནས་བརྟག་དཔྱད་བྱེད་བཞིན་ཡོད་འདུག དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གློ་ནད་དེ་དང་འདྲ་བའི་ནད་རྟགས་བྱུང་ནས་མི་གསུམ་སྨན་ཁང་དུ་བརྟག་དཔྱད་བྱེད་བཞིན་ཡོད་འདུག ཁོ་ཚོ་ནི་ཉེ་ཆར་རྒྱ་ནག་ནས་ཡོང་བ་ཡིན་འདུག དེ་བཞིན་རྒྱ་གར་གྱི་མངའ་སྡེ་ཀེ་རེའི་ནང་དུ། རྒྱ་ནག་ཝུ་ཧན་ནས་ཡོང་བའི་རྒྱ་གར་མི་གྲངས་༤༣༠་ལྷག་ལ་ད་ལྟར་སྨན་ཁང་གིས་ལྟ་རྟོག་འོག་ཏུ་ཡོད་འདུག གཞན་ཡང་། མོན་བྷད་ལ་གློ་ནད་དེའི་ནད་ཚ་དང་འདྲ་བའི་ནད་རྟགས་ཐོན་མཁན་གསུམ་བྱུང་ཡོད་འདུག

རྒྱ་གར་གྱི་མངའ་སྡེ་ཅན་ནེར་ནང་གི་སྨན་པ་སི་ཌི་ཡིས་ཏོག་དབྱིངས་ཅན་གྱི་གློ་ནད་བཅོས་ཐབས་རྙེད་ཡོད་པའི་སྐོར་གྱི་གནས་ཚུལ་ཡང་ཐོན་འདུག དེ་ཡང་། སྨན་པ་སི་ཌི་ལགས་ཀྱིས་སྨན་དེའི་སྐོར་འགྲེལ་བརྗོད་བྱེད་དོན་ལྟར་ན། སྨན་དེ་ནི་རྩ་སྨན་ཡིན་ཞིང་། དེ་ནི་སྨན་རྩ་རིགས་འདྲ་མིན་ཁ་ཤས་ཀྱིས་བཟོས་ཡོད་འདུག སྨན་རྩ་དེས་དུག་སྦྲང་ལས་བྱུང་བའི་ན་ཚ་ཌེན་གུ་དང་ཁྱབ་དར་མྱུར་བའི་ཚ་བའི་ནད་རིགས་ལ་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པར་བརྗོད་འདུག སྤྱིར་ད་ལྟར་ཝུ་ཧན་ལ་བྱུང་བའི་གློ་ནད་ལ་སྨན་བཅོས་བྱེད་ཐབས་ཀྱི་སྨན་དང་ཁབ་གང་ཡང་མེད་པ་རེད།

རྒྱ་ནག་གི་ཞིང་ཆེན་ཧུ་པད་ནང་དུ་ལ་མ་མཐའ་ཡང་མི་༡༠༦་གྲོངས་ཡོད་པ་དང་། ད་དུང་རྒྱ་ནག་གི་ས་ཆ་གཞན་པར་གློ་ནད་དེ་ཕོག་ནས་མི་བཞི་གྲོངས་ཡོད་འདུག པེ་ཅིང་ལ་མི་གཅིག་དང་། ཧྲིང་ཧེད་ལ་གཅིག་གྲོངས་ཡོད་འདུག ཨོའུ་མན་ལ་ཏོག་དབྱིངས་ཅན་གྱི་གློ་ནད་ཕོག་མཁན་དྲུག་དང་། ཧོང་ཀོང་ལ་བརྒྱད་བྱུང་འདུག

དེ་ཡང་། རྒྱལ་ཁབ་ཨོ་གླིང་ལྟ་བུར་མཚོན་ན། ད་བར་མི་ལྔ་ལ་གློ་ནད་དེ་ཕོག་ཡོད་པ་དང་། ཁ་སང་ཀོམ་པོ་ཌི་རྒྱལ་ཁབ་ལ་ནད་ཡམས་དེ་ཡོད་མཁན་གཅིག་བྱུང་པ་གསལ་འདུག ཁཱ་ཎ་ཌ་ལ་རྒྱ་ནག་ནས་ཡོང་བའི་ཁྱོ་ག་དང་ཆུང་མ་གཉིས་ཀར་ནད་ཡམས་ཕོག་ཡོད་པར་ར་སྤྲོད་དང་། མི་གྲངས་༡༩་དོགས་གཞི་འོག་ཏུ་ཡོད་འདུག ཧྥ་རན་སི་ལ་ནད་ཡམས་དེ་ཕོགས་མཁན་གསུམ། ཇར་མན་ལ་དེ་རིང་གློ་ནད་ཕོག་མཁན་གཅིག་བྱུང་ཡོད་པར་ར་སྤྲོད་བྱུང་འདུག དེ་བཞིན་ཉི་ཧོང་ལ་བཞི་དང་། མྰ་ལྰ་ཞི་ཡ་ལ་བཞི། བལ་ཡུལ་ལ་གཅིག སི་གྷ་པུ་ལ་ལྔ། ལྷོ་ཀོ་རི་ཡ་ལ་གསུམ། སིང་གྷ་ལ་གཅིག་བྱུང་འདུག ཐེ་ཝན་ལྔ། ཐེ་ལེན་ལ་བརྒྱད། ཨ་རིར་ལྔ། ཝི་མན་ལ་གཉིས། དེ་དག་ཚང་མ་ནི་ཉེ་ཆར་རྒྱ་ནག་ནས་ཡོང་མཁན་རྐྱང་ཡིན་འདུག

ད་ལྟར། རྒྱ་ནག་གི་ཞིང་ཆེན་ཧུ་པེར་ནང་གི་གྲོང་འཁྱེར་ཝུ་ཧན་དུ་ནད་ཡམས་དེ་དབང་གིས་ཛ་དྲག་གནས་སྟངས་ཆགས་ཡོད་པ་དང་། ཝུ་ཧན་གྲོང་འཁྱེར་དུ་གནམ་གྲུ་དང་། གྲུ་གཟིགས། མེ་འཁོར། སྤྱི་སྤྱོད་སྣུམ་འཁོར་སོགས་བཀག་ཡོད་པར་འགྲེལ་བརྗོད་དང་། དྲ་རྒྱ་བཀག་སྡོམ་བྱས་ཡོད་འདུག དེར་ཟས་གོང་སོགས་འཕེལ་ནས་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག ནད་ཡམས་དེ་སྔོན་འགོག་ཆེད་དུ། རྒྱལ་ཁབ་ཨ་རི་དང་། ཐེ་ལེན། སི་གྷ་པུ། ཨོ་གླིང་སོགས་ཀྱི་གནམ་ཐང་ཁག་ཏུ་འགྲིམ་འགྲུལ་པ་ཚོར་ན་ཚ་དེ་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་འདུག

ད་ལྟར་ཆར། བོད་ནང་དུ་ཏོག་དབྱིབས་ཅན་གྱི་གློ་ནད་དེ་ཕོག་མཁན་བྱུང་མེད་སྐོར་འགྲེལ་བརྗོད་བཞིན་འདུག ཝུ་ཧན་དུ་ཝུ་ཧན་བོད་ལྗོངས་སློབ་འབྲིང་ཞེས་པའི་བོད་པའི་སློབ་འབྲིང་ཞིག་ཡོད་འདུག སློབ་གྲྭ་དེའི་ནང་དུ་བོད་རིགས་སློབ་མ་གྲངས་༡༩༠༠་སློབ་གྲྭའི་གུང་སང་དང་བསྟུན་བོད་ནང་དུ་ལོག་ཡོད་འདུག ད་བར་གློ་ནད་དེ་ཕོག་མཁན་བྱུང་ཡོད་པའི་ཐོག་གནས་ཚུལ་ཐོན་མི་འདུག འོན་ཀྱང་། སྔོན་འགོག་གི་ཆེད་དུ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་ར་མོ་ཆེ་གཙུག་ལག་ཁང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། འབྲས་སྤུངས་དགོན་པ་སོགས་དང་། བོད་ས་ཁུལ་གཞན་པའི་དགོན་པར་གནས་སྐབས་རིང་ཆོས་མཇལ་ཡོང་བར་མཚམས་འཇོག་བྱས་ཡོད་དང་། མི་མང་འདུ་འཛོམས་བྱེད་མི་ཆོག་སོགས་བྱས་འདུག

དེ་བཞིན། ཝུ་ཧན་ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་བོད་ནང་དུ་མི་ཡོང་བ་དང་མི་ཁྱབ་པའི་ཆེད་དུ། བོད་ནང་གི་རྫོང་ཁག་གི་གཞུང་ལམ་ལ་རྡོ་དང་ས་སོགས་སྤུངས་ནས་བཀག་ཡོད་པའི་གནས་ཚུལ་དང་། རྔ་བ་ནས་གཅིག་སྒྲིལ་རྫོང་བར་གྱི་གཞུང་ལམ། རྨ་ལྷོ་སོག་རྫོང་གི་གཞུང་ལམ། ཛམ་ཐང་དང་པད་མ་གཉིས་བར་ལམ་སོགས་བཀག་ཡོད་འདུག དེ་བཞིན། བོད་མི་ཚོས་ཕན་ཚུན་བར་ལ་ནད་ཡམས་དེའི་སྐོར་དང་འགོག་ཐབས་བཅས་ཀྱི་གནས་ཚུལ་ཧུར་ཐག་སྤེལ་བཞིན་འདུག

ཏོག་དབྱིབས་ཅན་གྱི་གློ་ནད་ནད་ཡམས་དེ་ནི་ཆམ་ནད་དང་འདྲ་བ་ཡིན་འདུག། དེའི་ནད་རྟགས་ནི་གློ་རྒྱག་པ་དང་། སྣ་ཆུ་འཛག་པ། ཚ་བ་འཕར་བ། མིད་པ་ཚ་བ་སོགས་ཡོང་གི་ཡོད་འདུག དེར་འགོག་ཐབས་ཁག་ནི། མི་མང་འདུ་འཛོམས་ཆེ་སར་མི་འགྲོ་བ། ཕྱིར་འགྲོ་སྐབས་ཁ་རས་རྒྱོབ་པ། ལག་པ་རྒྱུན་དུ་ལེགས་པོ་འཁྲུ་བ། བཅུད་ལྡན་གྱི་ཟས་ཟོས་ནས་ནད་འགོག་གི་མ་ལག་ཤུགས་ཆེ་རུ་གཏོང་བ། ཉེ་ཆར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དང་ཐག་ཉེ་འབྲེལ་བ་མི་བྱེད་པ། ཆམ་ནད་རིགས་ཀྱི་ནད་རྟགས་ཐོན་རྗེས་སྨན་ཁང་དུ་བརྟག་དཔྱད་བྱེད་པ་བཅས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།