21
Tue, Jan

༢༠༡༩་ལོའི་ཟླ་༡༢་ཚེས་༢༥་ཉིན། ཧོང་ཀོང་དུ་ངོ་རྒོལ་བྱེད་སྐབས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་བྱེད་མཁན་ཚོར་ཉེན་རྟོག་པས་མིག་ཆུ་དུག་རླུང་གཏོར་འདུག པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༢་ཚེས་༢༥་ཉིན། ཡི་ཤུའི་ཆོས་སྟོན་པ་པོའི་འཁྲུངས་སྐར་ཉིན་མོའི་གུང་གསེང་དང་བསྟུན། ཧོང་ཀོང་ནང་དུ་གཞོན་སྐྱེས་ཚོས་སླར་ཡང་ངོ་རྒོལ་གྱི་ལུས་འགུལ་སྤེལ་ཡོད་པ་དང་། ཉེན་རྟོག་པས་ངོ་རྒོལ་བ་དང་དུས་ཆེན་སྲུང་བརྩི་བྱེད་མཁན་བཅས་ལ་མིག་ཆུ་དུག་རླུང་དང་དབྱུག་པས་རྡུང་རྡེག་བཏང་འདུག

དེ་ཡང་། ཟླ་འདིའི་ཚེས་༢༤་དང་༢༥་ཉིན་ནི་ཧོང་ཀོང་གི་ནང་དུ་ཡི་ཤུའི་ཆོས་སྟོན་པ་པོའི་འཁྲུངས་སྐར་དུས་ཆེན་ལ་གཞུང་འབྲེལ་གུང་གསེང་ཡིན་འདུག དེའི་སྐབས། ཧོང་ཀོང་གཞོན་སྐྱེས་གཙོས་པའི་མི་མང་བརྒྱ་ཕྲག་འགའ་ཡིས་ཁྲོམ་གཞུང་ཁག་དང་ཚོང་ཁྲོམ་ཆེན་པོ་བཅས་ཀྱི་ནང་དུ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག ཉེན་རྟོག་པས་ངོ་རྒོལ་བ་ཚོ་ཚོང་ཁྲོམ་སྒོ་བརྒྱབ་ནས་མིག་ཆུ་དུག་རླུང་གཏོར་བ་དང་དབྱུག་པས་རྡུག་རྡེག་བཏང་འདུག གཞོན་སྐྱེས་གཅིག་ངོ་རྒོལ་ཁྲོད་ཚོང་ཁྲོམ་གྱི་ཐོག་རྩེག་མར་ཟགས་ནས་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྐྱེལ་ཡོད་འདུག

ངོ་རྒོལ་བ་ཚོས་རང་དབང་དོན་དུ་འཐབ་རྩོད་བྱེད་ཀྱི་ཡོད་པ་དང་། ལྷག་པ་དུ། ཧོང་ཀོང་གི་མ་འོངས་པའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་ངོ་རྒོལ་བ་གཞོན་སྐྱེས་ཤིག་གིས་བརྗོད་འདུག ངོ་རྒོལ་བ་གཞན་ཞིག་གིས་ང་ཚོས་ཀྱང་ངོ་རྒོལ་དེ་དྲག་པོའི་ངོ་བོ་མ་གྱུར་ན་བསམ་བཞིན་ཡོད། འོན་ཀྱང་། སྲིད་གཞུང་གིས་ང་ཚོའི་དགོས་འདུན་དང་འབོད་སྒྲ་ཉན་གྱི་མི་འདུག དེར་བརྟེན། ང་ཚོར་ངོ་རྒོལ་བྱེད་པ་ལས་ཐབས་ཤེས་གཞན་མི་འདུག་ཅེས་བརྗོད་འདུག

ངོ་རྒོལ་བ་ཚོས་གཞུང་ལམ་བཀག་པ་དང་དངུལ་ཁང་གི་ཡན་ལག་གཏོར་བཤིག་བཏང་ཡོད་པར་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག ཧོང་ཀོང་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱི་ངོ་དེབ་བརྒྱུད་ནས། ངོ་རྒོལ་བ་ཚོས་ཕྱི་རྒྱལ་བ་ཧོང་ཀོང་ནང་དུ་ཡི་ཤུའི་འཁྲུངས་སྐར་གཏོང་ཆེད་ཡོང་མཁན་ཚོར་སེམས་ཤུགས་ཆགས་བཅུག་སོང་ཅེས་ངོ་རྒོལ་བ་ཚོར་སྐྱོན་བརྗོད་བྱས་འདུག

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ནི། ༢༠༡༩་ལོའི་ཟླ་༦་པ་ནས་མགོ་བརྩམས་ཡོད་པ་དང་། ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཧོང་ཀོང་ནང་དུ་ཉེས་ཅན་རྩི་སྤྲོད་ཀྱི་ཁྲིམས་འཆར་ཞིག་བཏོན་ནས། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་གཙོ་པའི་མི་མང་ལ་རང་དབང་ལོངས་སུ་སྤྱོད་པར་འགོག་རྐྱེན་དུ་གྱུར་ཡོད་པ་དང་གཅིག དེ་བཞིན་ཉེ་བའི་ལོ་ཤས་ནས་བཟུང་། ཧོང་ཀོང་དུ་རྒྱ་གཞུང་གི་གནོན་ཤུགས་དངོས་ཤུགས་བརྒྱུད་གསུམ་ནས་སླེབས་ཏེ། ཧོང་ཀོང་མི་མང་གིས་རང་དབང་དང་མང་གཙོ་ལོངས་སུ་སྤྱོད་པར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པ་དང་གཉིས་བཅས་ཀྱི་དབང་གིས། ཧོང་ཀོང་གི་རང་དབང་དང་མང་གཙོ་མི་བརླག་པའི་ཆེད་དུ། གཞོན་སྐྱེས་གཙོ་པའི་མི་མང་གིས་ངོ་རྒོལ་བྱས་དང་བྱེད་བཞིན་པ་རེད།

ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདུན་དོན་ཚན་ལྔ་ནི། དང་པོ། ཉེན་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་མེད་པ་བཟོ་དགོས་པ། དེ་ནི་ད་ལྟར་དངོས་སུ་ཕྱིར་འཐེན་བྱས་ཟིན། གཉིས་པ། འཛིན་བཟུང་བྱས་པའི་ངོ་རྒོལ་བ་ཚོ་གློད་དགོས་པ། གསུམ་པ། ངོ་རྒོལ་བ་ཚོ་ཟིང་འཁྲུག་སློང་མཁན་དུ་བརྗོད་རྒྱུར་མཚམས་འཇོག་དགོས་པ། བཞི་པ། ཉེན་རྟོག་པའི་གདུག་རྩུབ་དང་ལྡན་པའི་བྱ་སྤྱོད་ལ་རང་དབང་ལྡན་པའི་ཐོག་ནས་བརྟག་དཔྱད་དགོས་པ། ལྔ་པ། རང་དབང་ཅན་གྱི་འོས་བསྡུ་བྱེད་དགོས་པ་བཅས་ཡིན་འདུག

ངོ་རྒོལ་འདིས་གཞོན་སྐྱེས་ཚོའི་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་བཅངས་པའི་མངོན་འདོད་དང་། ཞུམ་པ་མེད་པའི་སྙིང་སྟོབས་དེ་མཚོན་པ་མ་ཟད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད་པ་རེད། དེར་བརྟེན། ཧོང་ཀོང་གི་ངོ་རྒོལ་བ་ཚོ་ནི་༢༠༢༠་ལོའི་ཞི་བདེ་གཟེངས་རྟགས་འབུལ་དགོས་པའི་དགོས་འདུན་བཏོན་མཁན་བྱུང་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།