21
Tue, Jan

རྒྱ་གཞུང་གི་གསང་མྱུལ་བ་ཝང་ལི་ཆང་།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༡༡་ཚེས་༢༦་ཉིན་སྤེལ། རྒྱ་ནག་གི་གསང་མྱུལ་བ་ཞིག་གིས་ཨོ་གླིང་གི་སྐར་མ་དྲུག་ཅུ་ཞེས་པའི་བརྙན་འཕྲིན་བརྒྱུད་ནས། རྒྱ་གཞུང་གིས་ཧོང་ཀོང་དང་། ཐེ་ཝན། ཨོ་གླིང་། ཨ་རི་སོགས་ཀྱི་ནང་དུ་གསང་བའི་ཐོག་ནས་ཤུགས་རྐྱེན་ངན་པ་སྤྲད་དང་སྤྲོད་ཐབས་བྱེད་བཞིན་པ་སོགས་ཀྱི་སྐོར་ནས་གསང་བ་ཕྱིར་བསྒྲགས་བྱས་འདུག

དེ་ཡང་། རྒྱ་གཞུང་གིས་ཨ་རི་དང་། ཨོ་གླིང་། ཐེ་ཝན། ཧོང་ཀོང་སོགས་ཀྱི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་གཞུང་གི་ཤུགས་རྐྱེན་སྤྲོད་སླད་ཐབས་ཤེས་འདྲ་མིན་ཐོག་ནས། འབད་བརྩོན་བྱས་དང་བྱེད་བཞིན་པའི་སྐོར་གྱི་གསང་བ་ཞིག་རྒྱ་གཞུང་གི་གསང་མྱུལ་བ་མིང་ལ་ཝང་ལི་ཆང་ཟེར་བའི་མི་ཞིག་གིས་ཕྱིར་བསྒྲགས་བྱས་ཡོད་འདུག ཁོས་དེ་ལྟར་བྱེད་དགོས་དོན་ནི། ཨོ་གླིང་ལ་ཆབ་སྲིད་སྐྱབས་བཅོལ་དུ་ཡོང་ནས་ཨོ་གླིང་གཞུང་གིས་ཁོ་རང་དང་ནང་མིའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་འདུག

ཟླ་འདིའི་ཚེས་༢༤་ཉིན། ཨོ་གླིང་གི་སྐར་མ་དྲུག་ཅུ་ཞེས་པའི་བརྙན་འཕྲིན་བརྒྱུད་ནས་ཁོས་རྒྱ་གཞུང་གི་གསང་བའི་སྐོར་བཤད་འདུག ཁོ་རང་གིས་དྲང་བདེན་བརྗོད་རྒྱུར་སེམས་ལ་ཧ་ཅང་ཞེད་སྣང་སྐྱེས་ཀྱི་ཡོད་ཅིང་། དེའི་སྔོན་ཁོང་རང་གི་ནང་མི་སུ་ཞིག་གིས་ཀྱང་ཁོས་གསང་མྱུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་ཤེས་ཀྱི་མེད་པ་རེད། ཨོ་གླིང་ལ་སླེབས་རྗེས་ནང་མིས་ཤེས་ཡོད་པ་བརྗོད་འདུག ཁོ་རང་གི་ཧོང་ཀོང་ནང་དུ་ཡོད་པའི་ཉམས་ཞིབ་ཚོང་ལས་ཁང་ཆེན་པོ་ཞིག་གི་ནང་དུ་ལས་ཀ་བྱས་ཡོད་འདུག འོན་ཀྱང་། ལས་ཁུངས་དེ་ནི་རྒྱ་གཞུང་གི་གསང་མྱུལ་གྱི་ལས་ཁུངས་ཤིག་ཡིན་ཞིང་། ཁོ་རང་གི་མགོ་ཁྲིད་ནི་ཤང་ཞེ་ཟེར་བ་ཞིག་ཡིན་པ་དང་། ཁོ་ནི་རྒྱ་གཞུང་གི་དམག་མི་མཐོ་བོའི་གྲས་ཤིག་ཡིན་འདུག ཤང་ཞེ་ཡིས་ཝང་ལི་ཆང་ཁོ་རང་སྡེ་ཚན་གྱི་ལས་བྱེད་གཙོ་བོ་གྲས་ཤིག་ཏུ་བསྐོས་ཡོད་འདུག དང་ཐོག་ཝང་ཁོ་རང་གིས་ལས་ཀ་དེ་གསང་མྱུལ་གྱི་ལས་ཀ་ཡིན་པ་ཡང་ཤེས་མི་འདུག ཁོ་ལ་རང་ཉིད་ཀྱི་རྒྱལ་ཁ་ཡི་ཆེད་དུ་ལས་ཀ་བྱེད་དགོས་པ་ནི་རང་ཉིད་ཀྱི་འགན་ཞིག་དང་སྤོབས་པ་སྐྱེས་དགོས་པ་ཞིག་རེད་ཅེས་བརྗོད་ཡོད་འདུག

ཁོ་རང་གི་མགོ་ཁྲིད་ཤང་ཞེ་ཡིས་ཧོང་ཀོང་ནང་གི་གསར་འགོད་པ་ཚོར་ཤུགས་རྐྱེན་སྤྲོད་ཐབས་བྱས་དང་བྱེད་བཞིན་ཡོད། ཧོང་ཀོང་ནང་གི་མང་གཙོ་དང་རང་དབང་གི་ཆེད་དུ་ངོ་རྒོལ་བྱས་པ་ནི་དྲག་པོ་ཡིན་པའི་གསར་འགྱུར་རྫུན་མ་བཟོས་ཡོད་སྐོར་ཡང་བརྗོད་འདུག

ཁོ་རང་གི་ལས་ཀ་དང་པོ་ནི་ཧོང་ཀོང་ནང་དུ་རང་བཙན་གྱི་ལས་འགུལ་མེད་པ་བཟོ་ཐབས་དང་། ཧོང་ཀོང་གི་མཐོ་སློབ་ཁག་ནས་གསང་བའི་ཡིག་ཆ་རེག་ཐབས། སློབ་ཕྲུག་ཚོར་ཁ་ཐུག་བརྡབ་སིག དྲ་ལམ་ལ་གནོད་སྐྱོན་གཏོང་བ་སོགས་ཡིན་པར་བརྗོད་ཡོད་པ་མ་ཟད། རྒྱ་གཞུང་གིས་རྒྱ་མི་སློབ་ཕྲུག་ཧོང་ཀོང་ནང་གི་མཐོ་སློབ་ཁག་ཏུ་བཏང་ནས། ཧོང་ཀོང་ནང་དུ་ཡོད་པའི་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་ཡོད་མདོག་བྱས་ནས། སློབ་ཕྲུག་ཚོགས་པའི་ནང་དུ་འཛུལ་ནས་ཧོང་ཀོང་གི་སློབ་ཕྲུག་དེ་དག་གི་ངོ་བོ་དང་ནང་མིའི་ངོ་བོ་སོགས་ཕྱི་ལ་ཁྱབ་བསྒྲགས་བྱས་ནས་ཁོ་ཚོ་ཁ་བཙུམ་བཅུག་ཡོད་པ་དང་། ད་དུང་། རྒྱ་མིའི་སློབ་ཕྲུག་དེ་ཚོ་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོར་ཉེས་རྡུང་དང་དྲག་པོ་བྱེད་མཁན་ནང་དུ་ཚུད་པར་ཡང་བརྗོད་འདུག

ཨོ་གླིང་སོགས་གཙོ་པའི་རྒྱལ་ཁབ་གཞན་པའི་ནང་དུ་རྒྱ་གཞུང་གིས་རྒྱ་མི་སློབ་ཕྲུག་ཚོར་གནས་ཚུལ་བསྡུས་རུབ་བྱེད་པའི་ལས་ཀ་སྤྲོད་ཀྱི་ཡོད། འོན་ཀྱང་། སློབ་ཕྲུག་མང་ཆེ་བས་ལས་ཀ་དེ་ནི་རྒྱ་གཞུང་གི་གསང་མྱུལ་གྱི་ལས་ཀ་ཡིན་པ་རྟོགས་ཀྱི་མེད། རྒྱ་གཞུང་གིས་ཁོ་ཚོར་རྒྱལ་ཁབ་ལ་དགའ་ཞེན་དང་དམར་ཤོག་ཚོགས་པར་དགའ་ཞེན་དགོས་པ། རྒྱལ་ཁབ་ཀྱི་ཆེད་དུ་བྱ་བ་སྒྲུབ་དགོས་པ་སོགས་ཀྱི་སློབ་གསོ་སྤྲད་ཡོད་རེད་ཟེར།

དེ་བཞིན། ཁོ་ཡི་ཕྱིར་བསྐྱོད་ལམ་ཡིག་ཐོག་གི་པར་མ་གཏོགས། གཞན་མིང་དང་ལོ་ཚད་བཅས་རྫུན་མ་ཡིན་འདུག ཁོ་ཡི་ལས་ཀ་གཙོ་བོ་ཁག་ནི་ཧོང་ཀོང་ནང་དུ་བསྡད་ནས་ཧོང་ཀོང་མི་མང་ལ་ཞེད་སྣང་སློང་བ་དང་ལྐོག་ཏུ་མི་འཛིན་བཟུང་བྱེད་རྒྱུ་ཡིན་པར་བརྗོད་འདུག སྤྱི་ལོ་༢༠༡༥་ལོར་ཧོང་ཀོང་གི་ནང་དུ་དེབ་ཚོང་ཁང་གི་བདག་པོ་ལྔ་གར་སོང་ཆ་མེད་དུ་གྱུར་བའི་ལས་འགུལ་གྱི་ནང་དུ། ཁོ་རང་དེའི་ནང་ནས་བཀའ་གཏོང་མཁན་ཞིག་ཡིན་པ་དང་། ཁོས་མི་དྲུག་བཏང་ནས་དེབ་ཚོང་བདག་པོ་ལི་བྷོབ་འཛིན་བཟུང་བྱེད་དགོས་པའི་བཀའ་བཏང་བའི་སྐོར་བརྗོད་སོང་།

དེ་ནས། ཨོ་གླིང་གི་གསར་འགོད་པ་ཧོང་ཀོང་ནང་དུ་ཕྱིན་ནས་ཝང་བརྗོད་པའི་ཁོང་རང་གི་ལས་ཁུངས་དང་ཁ་བྱང་ལ་བརྟག་དཔྱད་བྱས་མཐར། ལས་ཁུངས་དེ་ནི་ཚོང་གཉེར་ཁང་ཆེ་ཤོས་གྲས་ཤིག་གི་བརྩེགས་ཉེར་གཉིས་པ་ཡིན་པ་དང་། དེ་ནི་རྒྱ་གཞུང་གི་གསང་བའི་ལས་ཁུངས་ཀྱི་གཙོ་བོ་ཞིག་ཡིན་པར་ར་སྤྲོད་བྱུང་འདུག ཁོ་ཚོའི་ལས་ཀ་གཅིག་ནི་ཨ་རིའི་དམག་གི་གསང་བའི་གནས་ཚུལ་རྐུ་བ་དེ་ཡིན་འདུག ཁོ་ཡི་མགོ་ཁྲིད་ཤང་ཞེ་ཡི་ལས་འགན་གཙོ་བོའང་དེ་ཡིན་འདུག

སྤྱི་ལོ་༢༠༡༨་ལོར། ཝང་ཀོ་རི་ཡའི་ཕྱིར་བསྐྱོད་ལམ་ཡིག་བཟོས་ནས་ཐེ་ཝན་གྱི་འོས་བསྡུ་ལ་བརྡབ་གསིག་བཏང་ཡོད་པ་དང་། རྒྱ་གཞུང་གིས་ཐེ་ཝན་གྱི་༢༠༢༠་ལོའི་ཟླ་༡་ནང་གི་འོས་བསྡུ་ལ་ཤུགས་རྐྱེན་དང་བརྡབ་གསིག་གཏོང་འཆར་ཡོད་པར་བརྗོད་འདུག ཝང་གིས་༢༠༡༨་ལོར་ཧོ་ཀོ་ཡུ་ཟེར་བ་ཐེ་ཝན་གྲོང་ཁྱེར་ཀོབ་ཞོང་གྲོང་སྡེའི་སྤྱི་ཁྱབ་ལ་འོས་མི་ལངས་སྐབས་རྒྱ་སྒོར་ས་ཡ་༢༠་ཡི་འོས་ཤོག་ཐོབ་པར་རྒྱབ་སྐྱོར་བྱས་ཡོད་ཟེར། ཧོ་ཀོ་ཡུ་ནི་རྒྱ་གཞུང་དང་མཉམ་དུ་ཐག་ཉེ་བོ་ཡོད་མཁན་ཞིག་དང་། ༢༠༢༠་ལོའི་ཐེ་ཝན་སྲིད་འཛིན་འོས་མི་ཞིག་ཡིན་འདུག

ཁོར་རྒྱ་གཞུང་གི་གསང་མྱུལ་མི་བྱེད་རྒྱུའི་ཐག་གཅོད་ག་དུས་བྱས་པའི་སྐོར་འདྲི་སྐབས། ཁོ་ཐེ་ཝན་ལ་སླེབས་ལ་ཉེ་བའི་ཐེ་ཝན་སྲིད་འཛིན་གྱི་འོས་བསྡུ་ལ་ཤུགས་རྐྱེན་སྤྲོད་པའི་ལས་འགན་སྤྲད་རྗེས། བསམ་བློ་འགྱུར་བ་བཏང་ཡིན་པའི་སྐོར་བརྗོད་འདུག ཐེ་ཝན་ནི་རྒྱ་གཞུང་གི་གནད་འགག་ཧ་ཅང་ཆེན་པོ་རྩིས་བཞིན་ཡོད། གལ་སྲིད། ཐེ་ཝན་རྒྱ་ནག་དང་མཉམ་བསྡུས་བྱེད་ཐུབ་ཚེ། ཞི་ཅིང་ཕིང་གི་སྲིད་དབང་ལ་ཉེན་ཁ་མེད་པ་ཆགས་པ་རེད་ཅེས་བརྗོད་འདུག

ཁོ་རང་ཨོ་གླིང་ལ་འབྱོར་རྗེས། རྒྱ་གཞུང་གི་མིས་ཐེངས་ཁ་ཤས་ལ་ཁོའི་རྗེས་འདེད་བྱས་ཡོད་པ་མ་ཟད། ཁོ་མི་སུ་དང་ཐུག་གི་ཡོད་མེད་སོགས་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག ཝང་ནི་འདི་ལོ་ཟླ་༥་པའི་ནང་དུ་ཨོ་གླིང་ལ་འབྱོར་ཡོད་པ་དང་། ཁོ་རང་ཐེངས་གསུམ་ལ་ཁྱིམ་སྤོ་དགོས་བྱུང་ཡོད་པ་དང་། ད་དུང་ཡང་མུ་མཐུད་ནས་སྤོ་དགོས་རྒྱུ་རེད་ཟེར།

དེ་བཞིན། ཨོ་གླིང་དུ་ཡོད་པའི་རྒྱ་མི་ཚོང་པ་དང་ཆབ་སྲིད་པ་མིང་ལ་ནི་ཁི་ཇེ་ཟེར་བ་ཞིག་རྒྱ་གཞུང་ལ་འབྲེལ་བ་ཡོད་པ་དང་། ཐེངས་ཤིག་ལ་མགྲོན་ཁང་ཞིག་གི་ནང་དུ་ཁོ་དམར་བསད་བཏང་ཡོད་འདུག ཁོ་སུས་བསད་པའི་གནས་ཚུལ་དེ་གསལ་བོ་ད་དུང་ཆགས་ཐུབ་མེད་པ་རེད། རྒྱ་གཞུང་གི་ཤུགས་རྐྱེན་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ཐེབས་བཞིན་ཡོད་པ་དང་། དེའི་ནང་ནས་ཨོ་གླིང་ནི་གཅིག་ཡིན་པར་གསང་མྱུལ་བ་ཝང་གིས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།