15
Tue, Oct

ཨ་རི་ཡིས་ཐེ་ཝན་ལ་མཁའ་དམག་གནམ་གྲུ་རེ་དྲུག་བཙོང་རྒྱུ་ཡིན་འདུག

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩་ལོའི་ཟླ་༨་ཚེས་༢༡་ཉིན། ཨ་རིའི་གཞུང་ནས་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་༨་ཀྱི་རིན་གོང་ལྡན་པའི་གོ་མཚོན་བཙོང་རྒྱུ་ཡིན་པ་ཁས་བླངས་ཡོད་པ་དང༌། དེའི་ཁྲོད་ནས་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་(F-16 fighter jets)རྟགས་ཅན་༦༦་ཡོད་འདུག རྒྱ་གཞུང་གིས་སླར་ཡང་དེའི་ཐོག་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག

དེ་ཡང༌། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་གཞུང་ནས་དངོས་སུ་ཐེ་ཝན་ལ་ཨ་སྒོར་ཐེར་འབུམ་༨་ཀྱི་རིན་གོང་ལྡན་པའི་གོ་མཚོན་བཙོང་རྒྱུ་ཡིན་པར་ཁས་བླངས་ཡོད་པ་དང༌། དེའི་ཁྲོད་ནས་མཁའ་དམག་གནམ་གྲུ་༦༦་ཡོད་པར་ཟླ་འདིའི་ཚེས་༢༠་ཉིན་གསལ་བསྒྲགས་སྤེལ་འདུག གོ་མཚོན་བཙོང་རྒྱུའི་གྲོས་འཆར་དེར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་ཅིང༌།

ཐག་གཅོད་དེ་ནི་ཨ་རི་དང་རྒྱ་ནག་གཉིས་བར་ཚོང་འབྲེལ་དང་ཧོང་ཀོང་གི་གནད་དོན་སོགས་ཀྱི་དཀའ་ངལ་ཇེ་ཆེ་འགྲོ་བཞིན་པའི་སྐབས་བྱུང་བ་ཞིག་ཡིན་འདུག

ཨ་རིའི་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། ཐེ་ཝན་ལ་གོ་མཚོན་འཚོང་བ་ནི་ས་ཁུལ་དེའི་སྲུང་སྐྱོབ་ཆེད་དུ་ཡིན་པ་དང༌། ཨ་རིའི་ངོས་ནས་རྒྱ་གཞུང་གིས་ཨེ་ཤེ་ཡའི་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ལ་དམག་གིས་བཙན་ཤེད་བྱེད་བཞིན་ཡོད་པའི་རྒྱལ་ཁབ་དེ་ཚོའི་བདེ་འཇགས་དང་མང་གཙོ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པར་གསལ་འདུག

ཨ་རི་ཡིས་ཐེ་ཝན་ལ་མཁའ་དམག་གནམ་གྲུ་བཙོང་རྒྱུའི་ཐོག རྒྱ་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་འདི་ལྟར་བརྗོད་འདུག དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆགས་ཀྱི་ཡོད་ཅེས་དང༌། མཇུག་འབྲས་གང་ཡོང་བ་དེར་ཨ་རི་ཡིས་འགན་ཁུར་དགོས་པའི་ཉེན་བརྡ་ཡང་བཏང་འདུག དེ་བཞིན། གོ་མཚོན་འཚོང་བར་རྒྱ་ནག་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པ་དང༌།

མཁའ་དམག་གནམ་གྲུ་བཙོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད། མ་འོངས་པའང་ཐེ་ཝན་མཉམ་དུ་དམག་དོན་ཐོག་འབྲེལ་ལམ་མཚམས་གཅོད་དགོས་སྐོར་བརྗོད་འདུག

དེ་སྔོན་འདི་གའི་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང༌། འདི་ལོ་ཟླ་༦ཚེས་༦ཉིན། ཐེ་ཝན་ཕྱི་སྲིད་བློན་ཆེན་གྱིས་ཐེ་ཝན་ངོས་ནས་ཨ་རི་ནས་ཐང་ག་རི་བརྒྱ་ལྷག་དང༌། མཁའ་དམག་གནམ་གྲུ དེ་བཞིན་ཐང་ག་རིར་འགོག་མདའ་སོགས་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་ཉོ་རྒྱུར་གཏན་འཁེལ་ཡོད། ཅེས་བརྗོད་འདུག་ཅིང༌། སྐབས་དེར་ཡང༌།

རྒྱ་ནག་གི་ཕྱོགས་ནས་དེའི་ཐད་ལ་སེམས་ཁྲལ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

དེ་བཞིན་འདི་ལོའི་ཟླ་༧་ཚེས་༨་ཉིན་ལ། ཨ་རིའི་བདེ་སྲུང་མཉམ་འབྲེལ་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བའི་ནང༌། ཨ་རིའི་སྲིད་གཞུང་ནས་ཐེ་ཝན་ལ་ཐང་ག་རི་དང༌། མཁའ་དམག་གནམ་གྲུ མེ་མདའ་སྦག་སྦག མདེའུ། ཐང་ག་རི་འོར་འདྲེན་བྱེད་པའི་འཕྲུལ་འཁོར་སོགས་ཨ་སྒོར་ཐེར་འབུམ་གཉིས་ལྷག་གི་རིན་གོང་ལྡན་པའི་གོ་མཚོན་བཙོང་རྒྱུར་ཡིན་པ་གསལ་ཡོད་ཅིང༌། ཁོའི་བསྒྲགས་གཏམ་ནང་དུ་བརྗོད་དོན།

གོ་མཚོན་ཉོ་བའི་རེ་འདུན་གྱི་ནང་དུ་(108M1A2)རྟགས་ཅན་གྱི་ཐང་ག་རི་དང༌། (1,240 TOW anti-armour missiles)རྟགས་ཅན་གྱི་དམག་འཐབ་འགོག་མདའ། (409 Javelin anti-tank missiles)རྟགས་ཅན་གྱི་ཐང་ག་རིར་འགོག་མདའ། (250 Stinger man-portable air defence systems)རྟགས་ཅན་གྱི་མཁའ་དམག་གནམ་གྲུ་བཅས་ཡོད་འདུག

ཐེངས་འདིར་ཡང༌། ཨ་རིའི་གཞུང་ནས་ཐེ་ཝན་ལ་ཡར་ཐོན་ཅན་གྱི་མཁའ་དམག་གནམ་གྲུ་(F-16 fighter jets)རྟགས་ཅན་༦༦་བཙོང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།