15
Sun, Sep

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་རྒྱ་གར་སྲིད་བློན་མོ་ཌི་རྣམ་གཉིས།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༨་ཚེས་༧་ཉིན་སྤེལ། རྒྱ་ནག་གིས་རྒྱ་གར་ལ་ཨ་རིའི་གནོན་ཤུགས་ལ་བརྟེན་ནས་ཧ་ཝེ་(huawei)ཡི་འཕྲུལ་རིགས་རྣམས་རྒྱ་གར་ནང་བཀག་སྡོམ་བྱས་ཚེ། རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་ཚོང་གཉེར་ཁང་ཁག་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་ཡང་། རྒྱལ་སྤྱིའི་གསར་ཁང་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་ལྟར་ན། ཉེ་སྔོན་རྒྱ་གར་གྱིས་ཟླ་ཁ་ཤས་རྗེས་ནས་རྒྱ་གར་ནང་འཕྲུལ་རབས་༥་པ(5G)་འཛུགས་རྒྱུ་ཡིན་པའི་སྐོར་ལ་གསལ་བསྒྲགས་བྱས་ཡོད་ཀྱང་། རྒྱལ་ཁབ་གང་ནས་འཕྲུལ་རིག་མ་ལག་ལེན་རྒྱུ་ཡིན་མིན་སྐོར་ད་དུང་གསལ་ཁ་བྱས་མེད་པ་རེད། དེར་བརྟེན། རྒྱ་ནག་གིས་འཛམ་གླིང་ནང་འཕྲུལ་རིག་མ་ལག་དེའི་རིགས་བཟོ་མཁན་ཆེ་ཤོས་སུ་གྱུར་པའི་ཧ་ཝེ་ཚོང་གཉེར་ཁང་ནས། རྒྱ་གར་གྱིས་འཕྲུལ་རབས་༥་པའི་འཕྲུལ་རིགས་མ་ལག་ཉོ་རྒྱུ་ཡིན་མིན་ཐོག་དོགས་པ་བྱེད་བཞིན་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི། ཨ་རི་ཡིས་ཟླ་བ་ཁ་ཤས་སྔོན་ཨ་རིའི་ཕྱོགས་ཁག་ཡིན་པའི་རྒྱལ་ཁབ་ཁག་ལ་ཧ་ཝེ་ཡི་འཕྲུལ་ཆས་རིགས་མི་ཉོ་བའི་འབོད་སྐུལ་བྱས་ཡོད་པར་ཐུག་ཡོད་པར་བརྗོད་འདུག དེའི་རྗེས། རྒྱ་ནག་གིས་རྒྱ་གར་ལ་ཨ་རིའི་གནོན་ཤུགས་ལ་བརྟེན་ནས་ཧ་ཝེ་ཡི་འཕྲུལ་རིགས་རྣམས་རྒྱ་གར་ནང་བཀག་སྡོམ་བྱས་ཚེ། རྒྱ་ནག་ནང་ཡོད་པའི་རྒྱ་གར་གྱི་ཚོང་གཉེར་ཁང་ཁག་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

སྤྱི་འདིའི་ལོའི་ཟླ་༥་པའི་ནང་། ཁྲུམ་ཕུས་འགོ་ཁྲིད་པའི་ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བྱེད་ཀྱི་ཡོད་པའི་མིང་ཐོག་ནས། རྒྱ་ནག་གི་ཧ་ཝེ་ཚོང་གཉེར་ཁང་ནག་ཐོ(Black lists)་ནང་བླུགས་ཡོད་པ་མ་ཟད། ཨ་རིའི་ཕྱོགས་ཁག་ཡིན་པའི་རྒྱལ་ཁབ་ཁག་ལ་ཧ་ཝེ་ཡི་འཕྲུལ་ཆས་རིགས་མི་ཉོ་བའི་འབོད་སྐུལ་ཡང་བྱས་ཡོད་པ་རེད། ད་དུང་། རྒྱ་ནག་གིས་ཧ་ཝེ་ཚོང་གཉེར་ཁང་གི་འཕྲུལ་ཆས་མ་ལག་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཁག་གི་གསང་བ་ཕྱིར་བསྒྲགས་དང་སོ་མྱུལ་བྱེད་ཀྱི་ཡོད་པར་ཡང་བརྗོད་འདུག

དེ་ཡང་། འདི་ལོའི་ཟླ་༧་ཚེས་༡༠་ཉིན། པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་པ་ཝི་ཁི་རམ་(Vikram Misri)ལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྐད་བཏང་ནས། ཨ་རི་ཡིས་འཛམ་གླིང་ཁྱོན་ཡོངས་ལ་ཧ་ཝེ་ཡི་འཕྲུལ་རབས་༥་པའི་འཕྲུས་ཆས་བེད་སྤྱོད་མི་གཏོང་བའི་ལས་འགུལ་སྤེལ་ཡོད་པར་རྒྱ་ནག་གིས་དངངས་ཚབ་སྐྱེས་བཞིན་ཡོད་སྐོར་དང་། གལ་སྲིད། ཨ་རི་ཡི་གནོན་ཤུགས་ལ་བརྟེན་ནས་རྒྱ་གར་གྱིས་ཧ་ཝེ་ཚོང་གཉེར་ཁང་གི་འཕྲུལ་ཆས་རིགས་རྒྱ་གར་ནང་བཀག་པ་ཡིན་ན། རྒྱ་ནག་ཏུ་ཡོད་པའི་རྒྱ་གར་གྱི་ཚོང་གཉེར་ཁང་དེ་ཚོར་དམ་བསྒྲག་བཀའ་ཆད་ལྡབ་ཀྱིས་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

འོན་ཀྱང་། རྒྱ་ནག་ནང་དུ་རྒྱལ་ཁབ་གཞན་པའི་ཚོང་གཉེར་ཁང་ཚོ་དང་བསྡུར་ན། རྒྱ་གར་གྱི་ཚོང་གཉེར་ཁང་དེ་འདྲ་མང་པོ་མེད་པ་རེད།

གཞན་ཡང་། རྒྱ་གར་སྲིད་དོན་ཚོགས་པའི(RSS)་དཔལ་འབྱོར་རིག་པའི་འགོ་ཁྲིད་ཞིག་གིས། སྲིད་འཛིན་མོ་ཌི་མཆོག་ལ་ཧ་ཝེ་རྒྱ་གར་ནང་ཚོང་གཉེར་བྱེད་པར་སེམས་ཁྲལ་ཡོད་སྐོར་གྱི་ཡི་གེ་ཞིག་བཏང་ཡོད་པ་དང་། ཡི་གེ་དེའི་ནང་རྒྱ་ནག་གི་ཧ་ཝེ་ནི་འཛམ་གླིང་ནང་འཕྲུལ་ཆས་ཀྱི་གོང་ཚད་ཁེ་རུ་གཏོང་བའི་ཐོག་ལ་ཉེས་འཛུགས་བྱེད་ས་ཞིག་ཆགས་ཡོད་ཅིང་། ཁོ་ཚོའི་ད་ལྟའི་རྒྱལ་སྤྱིའི་ཐོག་གི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གི་ཧ་ཝེ་ཚོང་གཉེར་ཁང་རྒྱ་གར་ནང་ཚོང་སྒོ་ཕྱེས་རྗེས། རྗེས་སུ་ལས་སླ་མོ་བྱས་ནས་ཚོང་སྒོ་རྒྱག་མི་ཐུབ་པ་སོགས་ཀྱི་སྐོར་འགྲེལ་བརྗོད་བྱས་འདུག དེར་བརྟེན། སྲིད་བློན་མོ་ཌི་མཆོག་ལ་རྒྱ་གར་གྱིས་ཧ་ཝེ་ལ་ཡིད་རྟོན་བྱེད་དགོས་མིན་ཐོག་ལ་བསམ་བློ་གཏོང་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ད་བར་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ཀྱི་རྙོག་དྲ་དེ་ཚབས་ཆེ་རུ་མི་འགྲོ་བའི་ཆེད། རྒྱལ་ཁབ་གཉིས་ཀས་ཐབས་ཤེས་གང་ཡོད་གཏོང་གི་ཡོད་འདུག འོན་ཀྱང་། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་གི་ཧ་ཝེ་འཕྲུས་ཆས་བཀག་པ་ཡིན་ན། རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཀྱི་འབྲེལ་བ་ཡང་སྡུག་ཏུ་འགྲོ་རྒྱུ་ཡིན་པར་དཔྱད་ཞིབ་པ་ཚོས་བརྗོད་འདུག

གཞན་ཡང་། འདི་ལོའི་ཟླ་༡༠་པའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་གྱི་གྲོང་ཁྱེར་ཝ་ར་ན་སེ་ལ་ཚོང་འབྲེལ་གྱི་གྲོས་མོལ་ཆེད་ཡོང་རྒྱུ་ཡིན་འདུག དེའི་སྐབས། རྒྱལ་ཁབ་གཉིས་བར་ལ་ཨ་སྒོར་ཐེར་འབུམ་༥༣་གྱི་རིན་ཐང་ལྡན་པའི་ཚོང་དོན་ཐོག་གླེང་རྒྱུ་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།