26
Fri, Apr

༢༠༡༩་ལོའི་ཟླ་༡༢་ཚེས་༡༤་ཉིན། ༸གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩་ལོའི་ཟླ་༡༢་ཚེས་༡༦་ཉིན་སྤེལ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་སུ་ཕེབས་སྐབས། ཚན་རིག་པས་དངོས་ཁམས་རིག་པ་གཙོ་བོར་བཤད་ཀྱི་ཡོད་པ་དང་། སངས་རྒྱས་པའི་གཞུང་ནས་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་གསུང་པ་དེ་གཉིས་ཟུང་དུ་སྦྲེལ་ཐུབ་ན་གཉིས་ཕན་རེད། ཚན་རིག་ཐོག་ལ་ཡིན་ནའང་ཕན་པ་དང་། ང་ཚོར་ཡིན་ནའང་ཤེས་ཡོན་གྱི་སྡེ་ཚན་ཆ་ཚང་བ་ཞིག་ཡོང་བཞིན་ཡོད། ཅེས་བཀའ་སྩལ་འདུག

དེ་ཡང་། ༸གོང་ས་མཆོག་ཟླ་འདིའི་ཚེས་༩་ཉིན་བཞུགས་སྒར་རྡ་ས་ནས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་༡༡་ཉིན་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་གྷོ་ཝ་ནང་གི་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བསྐྱངས་ནས་དགེ་སློབ་སྟོང་ཕྲག་ཁ་ཤས་ལ་ནང་ཆོས་ཇི་ལྟར་ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཀྱི་ཡོད་མེད་སོགས་ཀྱི་སྐོར་བཀའ་སློབ་གནང་འདུག དེ་ནས་ཚེས་༡༢་ཉིན། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་ལ་༸ཞབས་སོར་བདེ་བར་འཁོད་འདུག

ཟླ་འདིའི་ཚེས་༡༢་ཉིན། ༸གོང་ས་མཆོག་དཔལ་ལྡན་འབྲས་སྤུངས་ལ་ཕེབས་སྐབས་བཀའ་སློབ་གནང་དོན། གྷོ་ཝ་མཐོ་སློབ་དང་འབྲས་སྤུངས་བློ་གསལ་གླིང་བར་འབྲེལ་བ་ཆགས་པ་འདི་ཧ་ཅང་གནད་འགག་འདུག ཆོས་ནི་བསླབ་རྒྱུའི་སྐད་ཆ་མ་རེད། ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། རྟེན་འབྱུང་གི་ལྟ་གྲུབ་བཅས་དེ་ཚོའི་གྲས་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་རེད། གྷོ་ཝ་མཐོ་སློབ་ནས་དེར་དམིགས་བསལ་དོ་སྣང་བྱས་ནས་བློ་གསལ་གླིང་གི་མཁན་པོ་ལས་ཐོག་དང་ཁྱེད་རང་ཚོ་འབྲེལ་བ་འདི་ཡོད་པ་རེད་འདུག མུ་མཐུད་ཡར་རྒྱས་དང་རྒྱ་ཆེ་རུ་གཏོང་དགོས་རྒྱུ་ཧ་ཅང་ཡག་པོ་མཐོང་བྱུང་།

དེང་སྐབས་ངོས་ཀྱིས་ཤུགས་རྒྱག་རྒྱུ་གཅིག་ནི། རྒྱ་གར་གནའ་རབས་ཀྱི་རིག་གཞུང་འཚེ་བ་མེད་པ་དང་བྱམས་བརྩེ། དེ་བཞིན་ཞི་གནས་དང་ལྷག་མཐོང་ཟེར་རྒྱུ་འདི་ལོ་ངོ་ ༣༠༠༠ ཙམ་གྱི་གོང་ནས་ཡོད་པ་རེད། དེ་ལྟ་བུའི་རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་འདི་སྐྱར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་རྒྱུ་འདི་འཛམ་གླིང་སྤྱི་ལ་དགོས་རྒྱུ་ཞིག་ཆགས་ཡོད། རྒྱ་གར་གནའ་རབས་སེམས་ཁམས་རིག་པ་དང་འབྲེལ་བའི་ཤེས་ཡོན་དང། དེང་དུས་རིག་གསར་གྱི་ཤེས་ཡོན་གཉིས་ཟུང་དུ་སྦྲེལ་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་རྒྱ་གར་ནང་ཆ་རྐྱེན་འདི་ཡོད་པ་རེད། དེར་བརྟེན་ངོས་ཀྱིས་འདི་ལ་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་གནའ་རབས་ཀྱི་ཤེས་ཡོན་ཚིག་ཙམ་མིན་པར་བཤད་སྒྲུབ་ཟུང་སྦྲེལ་གྱི་ཐོག་ནས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བདག་པོ་རྒྱག་མཁན་བོད་པ་ཆགས་ཡོད། འདིར་གདན་ས་ཁག་དང་འབྲེལ་བ་ཆགས་ཡོང་དུས་ངོས་ཀྱིས་ཧ་ཅང་ཡག་པོ་མཐོང་བྱུང་། ཅེས་བཀའ་སྩལ་འདུག

དེ་ནས་ཟླ་འདིའི་ཚེས་ ༡༤ ཉིན། ༸གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་གནང་རྗེས་བཀའ་སློབ་གནང་དོན། དེ་སྔ་ཚན་རིག་ཟེར་དུས་ང་ཚོའི་མཁན་པོ་དང་བླ་མ་དེ་ཚོས་ཕྲན་བུ་ཐག་རིང་པོ་བཞག་གནང་བ་དང་། ངོས་ཀྱི་ངོ་ཤེས་པ་ཁ་ཤས་ཀྱིས་ཚན་རིག་ཟེར་ན་ཆོས་ལ་དད་པ་མེད་པ་བཟོ་མཁན་རེད་དེར་གཟབ་གཟབ་བྱེད་དགོས་ཞེས་བརྗོད་མཁན་ཡང་བྱུང་མྱོང་། འོན་ཀྱང་། དངོས་ཡོད་གནས་ཚུལ་ནི་བོད་ཀྱི་སངས་རྒྱས་པའི་ཆོས་ནི་ལེགས་སྦྱར་གྱི་ཆོས་བརྒྱུད་སངས་རྒྱས་པའི་ཆོས་གཙོ་བོ་ཆགས་ཡོད། པཱ་ལིའི་ཆོས་བརྒྱུད་ནི་སངས་རྒྱས་ཀྱི་ཆོས་འཁོར་དང་པོ་གསུང་པའི་སྐབས་བསླབ་པ་གསུམ་དང་འབྲེལ་ནས་སྡེ་སྣོད་གསུམ་ཞེས་པཱ་ལིའི་གཞུང་ནང་ཡོད་པ་འདི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། དེ་ནས་དེའི་ཚེ་དེའི་དུས་རྒྱ་གར་ལ་ཤེས་ཡོན་ཅན་ཚོས་ལེགས་སྦྱར་གྱི་སྐད་ཐོག་ནས་རྒྱ་གར་གྱི་ཤེས་ཡོན་སྐོར་དེ་དག་འཛིན་བཞིན་པ་གཙོ་བོ་ཆགས་ཡོད།

དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་ཆོས་འཁོར་གཉིས་པ་གསུང་བའི་སྐབས། ཤེས་ཡོན་གཙོ་བོ་བྱས་ནས་ཤེར་ཕྱིན་གྱི་གཞུང་གསུང་པ་དེ་དག་ལེགས་སྦྱར་སྐད་ནང་ཡོད་པ་རེད། དེ་ནས་རིམ་པས་ནཱ་ལེནྜར་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོ་བྱས་ནས་དར་བ་རེད། དེའི་ཚེ་དེའི་དུས་རྒྱ་གར་གྱི་ཤེས་ཡོན་ཆ་ཚང་ཡོད་པ་ལྟ་བུ་འདུག དེའི་ཚེ་དེའི་དུས་ཚན་རིག་དར་མེད། གལ་ཏེ་དེང་དུས་ཀྱི་ཚན་རིག་སྐབས་དེར་ཡོད་ན། ནཱ་ལེནྜའི་མཁས་པ་ཚོས་ངེས་པར་སློབ་སྦྱོང་བྱེད་ཀྱི་རེད། དེར་བརྟེན་དུས་ཚོད་འདི་ལྟར་ཕྱིན་པའི་སྐབས་འཛམ་གླིང་ནུབ་ཕྱོགས་ནས་དངོས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་རིག་ལམ་རིམ་པས་ཐོན་ཡོད།

ཕྱི་དངོས་པོ་དང་འབྲེལ་བའི་ཚན་རིག་གི་རིག་གནས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག གང་ལྟར་མཐོང་བ་མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་བཤད་བཞིན་པའི་མཐོང་བ་མངོན་གྱུར་ནི་ཚན་རིག་པས་བརྟག་དཔྱད་བྱེད་ས་གཙོ་བོ་ནི་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་དེ་དག་ནི་རྗེས་དཔག་ལོང་བ་སྐྱེས་པ་བརྗོད་པ་རེད། མཐར་མངོན་གྱུར་ལ་ཡར་གཏུག་དགོས་ཀྱི་ཡོད། དེར་བརྟེན་ཚད་མའི་གཞུང་སྦྱོང་བཞིན་པའི་མི་ཞིག་གིས་མཐོང་བ་མངོན་གྱུར་སྐོར་སྔོན་ལ་ཤེས་དགོས། མཐོང་བ་མངོན་གྱུར་སྐོར་ཤེས་པར་ཚན་རིག་པ་དང་ལྷན་བསྡེབས་ནས་ཕྱིན་པ་ཡིན་ན། མཐོང་བ་མངོན་གྱུར་གྱི་གནས་ཚུལ་ཞིབ་ཚགས་པོ་ཤེས་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་རེད། གཉིས་ནས་དེང་དུས་ཚན་རིག་སྐོར་དེ་དག་ཕྱི་དངོས་ཁམས་ལ་གཙོ་བོར་བསྟེན་ཡོད། དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཆགས་སྟབས། དེས་སེམས་ལ་ཞི་བདེ་བཟོ་ཐུབ་ཀྱི་མི་འདུག དེར་བརྟེན་ཚན་རིག་གི་སྡེ་ཚན་ནང་རིམ་པས་ཚན་རིག་གི་ཉམས་ཞིབ་བྱེད་སའི་སྡེ་ཚན་འདི་གཟུགས་ཅན་གྱི་ཆོས་ཁོ་ན་མིན་པ་ནང་ཤེས་པར་ཉམས་ཞིབ་བམ་ཞིབ་འཇུག་བྱེད་ཐུབ་ན་ཡག་པོ་འདུག ཅེས་དེ་ལྟ་བུའི་སྐད་ཆ་ཡོང་གི་ཡོད།

གང་ལྟར་ཚན་རིག་པས་དངོས་ཁམས་རིག་པ་གཙོ་བོར་བཤད་པ་དེ་དང་། ང་ཚོ་སངས་རྒྱས་པའི་གཞུང་ནང་ནས་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་གསུང་པ་དེ་གཉིས་ཕན་ཚུན་བསྡེབ་ནས་འགྲོ་ཐུབ་ན། ཚན་རིག་ཐོག་ལ་ཡིན་ནའང་ཕན་པ། ད་བར་ཚན་རིག་པས་ཞིབ་འཇུག་བྱེད་ས་ནི་དངོས་ཁམས་གཙོ་བོ་ཆགས་ཡོད། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་(quantum physics)་སྐོར་བཤད་ཡོང་སྐབས་ཧ་ལས་པ་རེད། དབུ་སེམས་ཀྱི་གཞུང་ནས་སྣང་བ་ལྟར་གྲུབ་མེད་ཅེས་པ་འདི་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཏག་ཏག་བཤད་ཡོང་གི་འདུག དེང་སྐབས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་ནང་སླེབས་ཡོད། ཚན་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་འདི་ང་ཚོས་སློབ་སྦྱོང་བྱེད་རྒྱུ་བྱུང་ནས་དེ་གཉིས་ཟུང་དུ་སྦྲེལ་ཐུབ་ན་གཉིས་ཕན་རེད་འདུག ཚན་རིག་པ་ཚོ་ལའང་སེམས་ཁམས་རིག་པའི་སྐོར་གཙོ་བོ་བཤད་ཡོང་དུས་ཕན་ཐོགས་ཧ་ཅང་ཡོང་བ་དང་། ང་ཚོར་ཡིན་ནའང་ཤེས་ཡོན་གྱི་སྡེ་ཚན་ཆ་ཚང་བ་ཞིག་ཡོང་བཞིན་ཡོད། ཅེས་བཀའ་སྩལ་འདུག

ཟླ་འདི་ཚེས་ ༡༥ ཉིན། ༸གོང་ས་མཆོག་གིས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་རྩོད་རྒྱུགས་ལས་རིམ་ཐོག་དབུ་བཞུགས་དང་། དགེ་འདུན་པ་ཁག་གཅིག་གིས་ཆུ་ཚོད་གཉིས་ཙམ་རིང་མདོ་སྡེ་རྒྱན་དང་རྒྱུད་བླ་མ། རྩ་བ་ཤེས་རབ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་སོགས་ཀྱི་རྩོད་རྒྱུགས་སྤྱན་འབུལ་ཞུས་འདུག དེའི་སྐབས། ༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། ང་ཚོ་བཙན་བྱོལ་དུ་གྱར་ནས་བཙན་བྱོལ་བའི་མིང་ཁུར་ཏེ་ཐབས་སྐྱོ་བོ་འདྲ་ཞིག་ཡིན་ནའང་དཔལ་ནཱལེནྜའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་མུ་མཐུད་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ནི་གདན་ས་ཁག་དེ་དག་གཙོ་བོ་རེད་འདུག ཁྱེད་རང་ཚོས་དཀའ་ངལ་ལ་མ་འཛེམས་པར་ཧུར་ཐག་འབད་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྦྱིན་བདག་ཚོ་ཡིན་ནའང་ལོ་རྒྱུས་ནང་སྐད་གྲགས་ཡོད་པའི་སློབ་གཉེར་ཁང་གི་ཐོག་ལ་ཞལ་འདེབས་ལྟ་བུ་ཆེ་བཞག་ཆུང་བཤོལ་བྱས་ནས་འབུལ་གྱི་ཡོད་པ་རེད། དངུལ་ཞལ་འདེབས་སྤྲོད་ས་མ་ནོར་བ་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་ཞུས་འདུག