26
Fri, Apr

གླིང་ཚ་རྡོ་རྗེ་གླེང་བ་ཞེས་པའི་ཚོགས་འདུའི་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ག་རེ་བྱས་ནས་ཁོང་བོར་བརླགས་སོང་བ་རེད། སུའི་ཆེད་དུ་ཁོང་བོར་བརླག་སོང་བ་རེད། ཁོང་གིས་ང་ཚོ་དང་མི་འདྲ་བར་ཕ་མ་དང་ནང་མི་སྤུན་མཆེད་ག་རེ་བྱས་ནས་གཡུགས་དགོས་པ་རེད། ཁོས་ཕྲུ་གུ་དང་སྐྱེས་དམན་ག་རེ་བྱས་ནས་གཡུགས་དགོས་བྱུང་རེད་ཅེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་རྔ་བ་གངས་རི་ལགས་ཀྱིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པ་ཡོལ་ཙམ་ལ་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་གོ་སྒྲིག་འོག་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་གླེང་བ་ཞེས་པའི་གསལ་འགོད་གསལ་བསྒྲགས་ཤིག་འཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་རུ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། གདན་ཞུའི་སྐུ་མགྲོན་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གཉིས་བཅས་ཀྱི་དབུས། སྤྱི་འཐུས་ཁག་ཅིག་དང་། གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ལྡོམ་པོ་སྐྱིད། གཞན་ཡང་མང་ཚོགས་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་རྔ་བ་གངས་རིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་བྱུང་བའི་ཉིན་མོར་སྲུང་བརྩི་ཚོགས་འདུ་བསྡུ་སྐོང་བྱེད་པའི་དགོས་དམིགས་ཀྱི་སྐོར་ལ་གཏམ་བཤད་གནང་སོང་ཞིང་ སྐབས་དེར་ཁོང་གིས་“མདོ་སྨད་དབུས་རྒྱུན་ལས་སྐབས་༡༥ པའི་མཐའ་མའི་ཚོགས་ཆེན་ཉི་མ་དེར་ང་ཚོས་གཏན་ལ་ཕབ་པའི་གྲོས་ཆོད་ཅིག་ཡོད་རེད། གྲོས་ཆོད་དེ་ལག་བསྟར་ལ་ཕབ་མཁན་དེ་སུ་རེད་ཟེར་ན་ང་ཚོ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་རྣམ་པ་ཆགས་ཡོད་རེད། དེར་བརྟེན་ཁོང་ཚོས་ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་གྲོས་ཆོད་དེ་ངའི་ལག་ཏུ་མར་སླེབས་པ་རེད། ང་སྐབས་༡༦ པའི་ཚོགས་གཙོ་རེད། ངས་འདིར་ཐོག་མར་བལྟས་ཡོང་དུས་ངས་ག་རེ་དྲན་པ་རེད་ཟེར་ན། གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་དེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཅིག་པུ་དང་། མདོ་སྨད་གཅིག་གིས་ལས་དགོས་པ་ཞིག་མཐོང་མ་སོང་། དེར་བརྟེན་ངས་འདིའི་སྒང་ལ་བསམ་བློ་ག་རེ་བཏང་པ་ཡིན་ཟེར་ན། ག་རེ་བྱས་ནས་ཁོང་བོར་བརླགས་སོང་བ་རེད། སུའི་ཆེད་དུ་ཁོང་བོར་བརླག་སོང་བ་རེད། ཁོང་གིས་ང་ཚོ་དང་མི་འདྲ་བར་ཕ་མ་དང་ནང་མི་སྤུན་མཆེད་ག་རེ་བྱས་ནས་གཡུགས་དགོས་པ་རེད། ཁོས་ཕྲུ་གུ་དང་སྐྱེས་དམན་ག་རེ་བྱས་ནས་གཡུགས་དགོས་བྱུང་རེད། འདི་ཚང་མའི་རྒྱུ་མཚན་ལ་མར་ངས་བལྟས་དུས་འདི་མདོ་སྨད་དབུས་སྤྱི་ཁྱབ་ཁང་གི་ལས་ཀ་ཞིག་དང་། མདོ་སྨད་གཅིག་པུས་འགན་འཁུར་དགོས་པ་ཞིག་ཏུ་མཐོང་མ་སོང་”ཞེས་དང་། དེ་བཞིན་ཁོང་གིས་“ངས་གནད་དོན་འདི་ཚོགས་པ་རེ་གཉིས་དང་མི་རེ་གཉིས་ཀྱིས་ལག་པ་འཆང་ས་ཞིག་མིན་པར་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་འཐབ་རྩོད་གནང་བ་ཡིན་སྟབས། གླིང་ཚའི་གནད་དོན་འདི་བོད་སྤྱི་པའི་གནད་དོན་ཞིག་ཡིན་དུས། ངས་རིམ་པར་ཚོགས་པ་སྐྱིད་སྡུག་མང་པོ་ཞིག་ལ་རེ་བ་བརྒྱབ་པ་ཡིན། ཡིན་ཡང་མཐའ་མ་དེར་ལས་ཀ་བྱེད་མཁན་སུ་ཡང་བྱུང་མ་སོང་། དེ་རིང་འདི་ནས་གླིང་ཚ་གླེང་བ་ཟེར་བའི་ཚོགས་འདུ་འཚོག་བཞིན་པ་འདི་ཐབས་ཤེས་མེད་པའི་ཐབས་ཤེས་ཟེར་བ་དེ་རེད་”ཅེས་སོགས་བརྗོད་སོང་ལ། ཡང་ཁོང་གིས་མ་མཐུད་དུ་དེ་སྔོན་ཁོང་གླིང་ཚ་ཉུལ་ཞིབ་ཏུ་སོང་སྐོར་དང་། ཞི་བའི་གོམ་བགྲོད་སྐབས་ཀྱི་རྐང་འཁོར་ལག་སོན་བྱུང་བ་ཙམ་ལས་ཁོང་ད་ལྟ་གར་ཡོད་དང་ཅི་བྱུང་གི་གནས་ཚུལ་གསལ་པོ་ཆགས་མེད་སྐོར། གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཨ་མ་གཅིག་ལས་རྒྱབ་རྩ་གང་ཡང་མེད་རུང་ཁོང་གིས་སུའི་དོན་དུ་ལས་འགུལ་སྤེལ་མིན་ཐད་བོད་མི་ཚང་མས་བསམ་བློ་གཏོང་དགོས་ཀྱི་ཡོད་སྐོར། བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཆེད་དུ་ལས་དོན་བྱེད་མཁན་སུ་འདྲ་ཞིག་ཡིན་ན་དེ་ལ་རྒྱབ་རྩ་ཡོད་མེད་དང་དཔུང་རོགས་ཡོད་མེད། ཁེ་ཕན་ཡོད་མེད་ཙམ་ཞིག་ལ་མི་བལྟ་བར་བོད་མི་ཚང་མས་རྒྱབ་རྩ་བྱེད་དགོས་སྐོར་སོགས་གསུངས་སོང་།

དེ་རྗེས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་གྱིས་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཞི་བའི་འཐབ་རྩོད་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་ལངས་ཕྱོགས་དང་མཐུན་གྱི་ཡོད་སྐོར་གཏམ་བཤད་གནང་སྐབས། བཀའ་ཤག་གིས་གླིང་ཚའི་འཐབ་རྩོད་ནི་བོད་མིའི་སྒྲིག་འཛུགས་ཀྱི་བརྒྱུད་སྐུལ་ལས་བྱུང་བ་མ་ཡིན་པར། ཁོང་རང་ཉིད་ནས་ཞི་བའི་འཐབ་རྩོད་དེ་དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པར་གནང་བ་ཞིག་ཡིན་པ་གསུང་ཡོད་སྐོར་དང་། ཁོང་གི་བོད་དོན་ཞི་བའི་འཐབ་རྩོད་གནང་ཕྱོགས་ནི་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་མཚུངས་ཀྱི་ཡོད་སྐོར། དེ་བཞིན་བཙན་བྱོལ་བའི་ཤེས་ཡོན་པའི་ཁྲོད་ནས་གླིང་ཚའི་ཞི་བའི་འཐབ་རྩོད་ལ་དོ་སྣང་ཆེན་པོ་ཡོད་སྐོར་སོགས་གསུངས་སོང་བ་མ་ཟད། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་གྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོད་ཀྱི་དཔའ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཁོང་གི་བོད་དོན་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས་སོང་། དེ་བཞིན་གཞན་ཞུའི་སྐུ་མགྲོན་བོད་ཀྱི་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་ཀྱང་གླིང་ཚ་རྡོ་རྗེའི་ལགས་ཀྱིས་རྒྱལ་ཀབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་འདི་འདྲ་བ་ཞིག་གནང་བ་ནི་དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད། སྤྱིར་བཏང་ང་རང་ཁ་བདེ་བོ་དང་སྐད་ཆ་བཤད་མཁས་པ་གང་ཡང་མིན། ཡིན་ཡང་ཡིན་གཅིག་འདིར་ཡོང་དགོས་ཞེས་བཀའ་ཕེབས་བྱུང་བས་ང་འདིར་ཡོང་བ་ཡིན། ང་འདིར་ཡོང་ནས་ང་ཚོ་བུད་མེད་ཚོགས་པའི་ངོས་ནས་གླིང་ཚ་ཚེ་བརྟན་ལགས་ཀྱི་ཆེད་དུ་བྱེད་ཐུབ་པ་གང་རེ་ཡོད་ན་ལྷག་བསམ་རྣམ་དག་གིས་བྱེད་རྒྱུ་ཡིན། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ས་ཡིས་འདིའི་སྐོར་ལ་ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

མཐའ་མར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་མཚོན་ན། བཙན་བྱོལ་ནང་འབྱོར་རྗེས་སུ་གཞི་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་བྱུང་བ་ཞིག་མིན་པར། ཁོང་ཆུང་དུས་རང་ལོ་བཅུ་གསུམ་བཅུ་བཞི་བཅོ་ལྔ་བཅུ་དྲུག་གི་དུས་སྐབས་སུ་རྒྱ་ནག་གཞུང་ནས་ཁོ་རང་ཚོས་བསྐོ་བཞག་བྱས་པའི་པཎ་ཆེན་ཡང་སྤྲུལ་ལ་དད་པ་བྱེད་དགོས་སྐོར་བརྗོད་དུས་དེར་ངོ་རྒོལ་བྱེད་པ་སོགས་ཀྱི་སྒོ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་གདོང་ལེན་བྱེད་མཁན་ཡིན་པ་ཁོང་གི་ལོ་རྒྱུས་ནང་ཡོད་སྐོར་དང་། བཙན་བྱོལ་ནང་འབྱོར་རྗེས་ལས་འགུལ་རབ་དང་རིམ་པ་སྤེལ་བའི་འབྲས་བུར་བོད་དོན་དྲིལ་བསྒྲགས་སོང་ཡོད་སྐོར། དམ་བཅའ་གསུམ་བཞག་སྟེ་དགོས་འདུན་དོན་ཚན་ལྔ་འགྲུབ་ཆེད་དུ་མཐར་གར་སོང་ཆ་མེད་དུ་སོང་ནས་ད་ལྟ་ཡང་གནས་ཚུལ་གསལ་པོ་ཆགས་ཐུབ་མེད་སྐོར། གླིང་ཚའི་གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་སླེབས་མི་འདུག་ཟེར་རྒྱུ་མིན་པར་ང་ཚོས་རྒྱལ་ཚོགས་སུ་བསྐྱལ་ཐུབ་ཡོད་མེད་བལྟ་དགོས་སྐོར་དང་། དེ་སྔོན་བརྒྱུད་ལམ་ཁག་བརྒྱུད་གླིང་ཚའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་སུ་སྐུལ་ལྕག་ཙམ་བྱུང་ཡོད་ཀྱང་། དེ་རྒྱུན་སྲིང་ཐུབ་མེད་པ་དང་། ཁོང་གི་གནས་ཚུལ་ཤེས་རྟོག་ཐུབ་པར་མཉམ་འབྲེལ་རྒྱལ་ཚོགས་ཙམ་མ་ཡིན་པར་བརྒྱུད་ལམ་གཞན་ཡོད་སྐོར། ད་ཐེངས་གླིང་ཚའི་སྐོར་ལ་གོ་བསྡུར་བྱེད་ཀྱི་ཡོད་པ་བཞིན་མུ་མཐུད་བྱེད་དགོས་སྐོར་དང་། ཁོང་གི་ནང་མིར་མཐུན་འགྱུར་རོགས་རམ་དགོས་ཚེ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་སོང་ཟིན་རྗེས་མདོ་སྨད་དབུས་སྤྱི་ཁྱབ་ཁང་རྒྱུན་ལས་ཁང་གི་དྲུང་ཆེ་ཆོས་འཛིན་ལགས་ཀྱིས་ཐུགས་རྗེ་ཆེ་ཡི་གཏམ་བཤད་གནང་རྗེས་ཚོགས་འདུ་ཡོངས་སུ་མཇུག་གྲུབ་གནང་སོང་།