26
Fri, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༠༩ཉིན་སྤེལ། རྒྱལ་གར་རྒྱ་མིའི་གཞུང་ཚབ་ཁང་ནས་ཁྲིམས་མཐུན་གྱི་གཉེན་འཕད་ཡིག་ཆ་མཆོག་མཆན་ཡོད་པའི་སྒོ་ནས་བླངས་ཏེ་ཕ་ཡུལ་བོད་ལ་གཉེན་འཕྲད་འབྱོར་ནས་ཉིན་འགའི་རྗེ་སུ་རྒྱ་ནག་ཉེན་རྟོགས་པས་ཉེས་མེད་ཁྲིམས་ཐག་གཅད་ཡོད་པའི་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལགས་ཀྱི་གནས་ཚུལ་འབྱོར་སོང་།

དེ་ཡང་རྟའུ་བ་ཡ་མ་ཚེ་རིང་གིས་འདི་ག་གསར་ཁང་དུ་གནས་ཚུལ་འབྱོར་བར་གཞིག་ན།
བྱེས་ཀྱི་གདན་ས་དགའ་ལྡན་གྱི་རང་ལོ་ ༣༧ ཡིན་པའི་དགེ་འདུན་པ་བཀྲ་ཤིས་ཆོས་དབྱིངས་ལགས་ཕ་ཡུལ་ལ་གཉེན་འཕྲད་དུ་བསྐྱོད་སྐབས་འཛིན་བཟུང་གིས་ལོ་དྲུག་ལ་བཙོན་མཇུག་གི་ཁྲིམས་ཐག་གཅད་ཡོད་པའི་གནས་ཚུལ་འབྱོར་སོང་།

གཞན་ཡང་། ཁོང་གིས་མུ་མཐུད་དུ་གསུང་དོན། སྤྱི་ལོ་༢༠༡༦ལོའི་ལོར་རང་ཡུལ་དུ་གཉེན་འཕྲད་དུ་ཕེབས་ཏེ་རང་ཁྱིམ་དུ་འབྱོར་ནས་ཟླ་བ་གཅིག་ཙམ་སོང་འཚམས། སྤྱི་ལོ༢༠༡༦སྤྱི་ཟླ་༡༡སྤྱི་ཚེས་༢༡ཉིན་རྒྱ་གཞུང་ནས་རྒྱུ་མཚན་གང་ཡང་མེད་པར་གློ་བུར་དུ་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་འགྱུར། སྤྱི་ལོ་༢༠༡༧གྱི་ལོ་འཇུག་ཙམ་ལ་དར་རྩེ་མདོའི་བཙོན་ཁང་ནས་ཁོང་གི་བཙོན་རོགས་ཞིག་གློད་བཀྲོལ་བཏང་བ་དེ་ལ་ཁོང་གིས་རྟའུ་བ་དང་ནང་མི་ཚོར་ཁོ་པ་དར་རྩེ་མདོའི་བཙོན་ཁང་ནང་འདུག་ཅེས་ཆ་འཕྲིན་ཞིག་བསྐུར་ཐུབ་པར་བརྟེན་ནང་མི་ཚོས་ཁོང་དར་རྩེ་མདོར་ཡོད་པ་གཞི་ནས་ཤེས་རྟོགས་བྱུང་།
དེ་རྗེས་སྤྱི་ལོ་༢༠༡༧སྤྱི་ཟླ་༡༡སྤྱི་ཚེས་༢༡ཉིན་ཁོ་ལ་ལོ་དྲུག་གི་ཁྲིམ་ཐག་བཅད་འདུག་ཅེས་འབྲེལ་ཡོད་རྒྱུད་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། རྒྱ་གཞུང་ནས་འཇུ་བཟུང་བྱེད་དགོས་དོན་སོགས་ཀྱི་ཐད་ལ་ད་དུང་ཡང་གནས་ཚུལ་ཁ་གསལ་དང་གསལ་བཤད་སོགས་ག་རེད་བྱེད་ཡོད་མེད་ཤེས་ཐུབ་ཀྱི་མི་འདུག
 
བཀྲ་ཤིས་ཆོས་དབྱིངས་ནི་སྤྱི་ལོ་༡༩༨༡ལོར་མདོ་ཁམས་ཏྲེ་ཧོར་རྟའུ་རྫོང་ཁོག་ཆ་ཤང་ཞོག་ཀ་གྲོང་རུ་ཡབ་རྡོ་རྗེ་ཚེ་རིང་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ཕ་མ་གཅིག་གི་བུ་སྤུན་བདུན་དང་བུ་མོ་གཉིས་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན། གཞོན་ནུའི་དུས་ནས་རང་ཡུལ་གྱི་གཞི་དགོན་རྟའུ་ཉི་མཚོ་དགོན་དུ་བཞུགས་ཏེ་འདོན་ཁ་ཁྲས་སོགས་ལ་སྦྱང་པ་མཐར་ཕྱིན་པ་གནང་རྗེས། སྤྱི་ལོ་༡༩༩༨ ལོར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྒྲིག་ཁུངས་སུ་བཞུགས། གཞུང་ཆེན་པོད་ལྔའི་མཚོན་པའི་རྒྱ་བོད་ཀྱི་གཞུང་ལུགས་ཀུན་ལ་ལེགས་པར་སླབ་སྟེ་དགེ་ལུགས་རྒྱུགས་སྤྲོད་ལྷ་རམ་དང་པོའི་བར་ཕེབས་ཡོད། ཁོང་ནི་གཤིས་རྒྱུད་བཟང་ཞིང་རང་གཤིས་དྲང་བ། བྱམས་སེམས་ཅན་ཞིག་དང་། ལྷག་པར་རང་མི་རིགས་ལ་གདུང་བ་ཆེ་ཞིང་ལྷག་བསམ་ཅན་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་དང་ཡི་གེ རིགས་གཞུང་སོགས་ལ་ཤ་ཞེན་ཧ་ཅང་ཡོད་མཁན་ཞིག་ཡིན་པ་འབྲེལ་ཡོད་ཀུན་གྱིས་འགྲིན་གཅིག་ཏུ་སྨྲ་བ་བཅས།།