19
Fri, Apr

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨།༠༢།༡༩ཉིན་སྤེལ། ཟླ་འདིའི་ཕྱི་ཚེས་༡༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ལ་མེ་ཤོར་ཡོད་པའི་གནས་ཚུལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་ཡོད་པ་དང་། མེ་སྐྱོར་ཤོར་ས་དེ་ཇོ་ཁང་ཡིན་མིན་དང་ཇོ་བོ་རིན་པོ་ཆེའི་སྐུ་ལ་གནོད་པ་ཐེབས་ཡོད་མེད་ཀྱི་གནས་ཚུལ་མང་པོ་བྱུང་གི་ཡོད་པ་རེད།

ཡིན་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་། ཇོ་ཁང་ལ་མེ་སྐྱོན་ཕོག་མེད་པར་མེ་སྐྱོན་ཕོག་ཡུལ་ནི་ཇོ་ཁང་ཉེ་འགྲམ་གྱི་ལྷ་མོའི་མགོན་ཁང་ཡིན་པ་ད་ཆ་ར་སྤྲོད་གསལ་པོ་བྱུང་ཡོད་སྐོར་འཁོད་འདུག
རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  ལྷ་སའི་བར་སྐོར་ཁྲོམ་གཟིགས་ཁང་ཁ་སང་མེ་སྐྱོན་གྱི་དོན་རྐྱེན་བྱུང་རྗེས་ཁྱུག་ཙམ་རིང་སྒོ་བརྒྱབ་ཡོད་ཀྱང་དེ་རིང་སླར་ཡང་སྒོ་ཕྱེ་ནས་རྒྱུན་ལྡན་ལྟར་གནས་ཚུལ་ལྷིང་འཇགས་ཡིན་པ་དང་། མེ་ཤོར་བ་དང་འབྲེལ་ཡོད་མི་སྣ་ཡོང་སྟེ་མེ་གསོད་ཐུབ་ཡོད་པ་དང་ཇོ་བོའི་སྐུ་ལ་གནོད་པ་ཐེབས་མེད་ཚུལ་འཁོད་ཡོད་པ་རེད།
ཡིན་ན་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མེ་སྐྱོན་སྐོར་ལ་ད་དུང་དོགས་གཞི་བྱེད་ཀྱིན་ཡོད་པ་དང་། དེ་རིང་བོད་ཉིན་རྒྱབ་བོད་ཀྱི་དུས་བབ་གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་། ལྷ་ལྡན་གཙུག་ལག་ཁང་གི་མེ་སྐྱོན་ཁྲོད་སྐུ་གཉེར་བཙུན་མ་ཞིག་ལ་ཚིག་སྐྱོན་དང་། མེ་གསོད་སྐབས་མི་སྐྱ་ཞིག་ལ་རྨས་ཕོག་ཡོད་པ་མ་ཟད། གློ་བུར་དུ་བྱིན་ཅན་ཇོ་བོ་རིན་པོ་ཆེའི་དབུ་ཞྭ་བརྗེས་ཤིང་སྐུ་རྒྱབ་ཏུ་གོས་ཆེན་སེར་པོ་ཞིག་འཐེན་ཡོད་པའི་གནས་ཚུལ་འདུག ཅེས་འཁོད་འདུག
མེ་སྐྱོན་གནས་ཚུལ་དང་འབྲེལ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལྷ་སའི་ཇོ་ཁང་ལྟ་བུ་བོད་མི་རྣམས་ཀྱིས་ཧ་ཅང་གཙིགས་ཆེར་འཛིན་བཞིན་པའི་གནས་ཁྱད་པར་ཅན་གྱིས་མཚོན་དད་ལྡན་སེར་སྐྱ་མང་ཚོགས་ཧ་ཅང་ཕོན་ཆེ་འདུ་འཛོམས་བྱ་ཡུལ་གྱི་ས་གནས་ཕྱི་ནང་གང་སར་མེའི་འཇིགས་པ་སྔོན་འགོག་ཙམ་མ་ཟད། ཅི་སྟེ་མེ་སྐྱོན་བྱུང་ཡང་འཕྲལ་མར་མྱུར་སྐྱོབ་ལས་གཞི་སྤེལ་ཆེད་འབྲེལ་ཡོད་ནས་ངེས་པར་དུ་འགན་ཁུར་རྐང་ལེན་ཞུ་དགོས།  མེ་སྐྱོན་ཤོར་བ་དེའི་རྒྱུན་རྐྱེན་ངོ་མ་ཇི་ཡིན་རིམ་བཞིན་གསལ་པོ་ཆགས་རྒྱུ་རེད། ཅེས་གསུངས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།