15
Sat, Aug

ལི་ཐང་དུ་དམ་དྲག

བོད་དོན་གསར་འགྱུར།
Typography

ང་ཚོས་སྤྱི་ཚོགས་གང་སར་ལྟ་རྟོག་བྱེད་མཁན་གྱི་མི་བཞག་ཡོད་པས་ཐར་ས་ཞིག་ཡེ་ནས་མེད་ཅེས་རྒྱ་གཞུང་གིས་བོད་མི་རྣམས་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་པར་འཇིགས་སྐུལ་བྱས་ཡོད་འདུག

དེ་ཡང་ཟླ་འདི་ཕྱི་ཚེས་༡༡་ཉིན་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་ནས་གསར་འགྱུར་མཁོ་འདོན་པ་ཞིག་གིས་བརྗོད་པ་ལྟར། ཉེ་ཆར་སྐུའི་འཁྲུངས་སྐར་གཡས་གཡོན་དུ་ལི་ཐང་དུ་རྒྱ་གཞུང་གིས་དམ་དྲག་ཇེ་ཚ་བཏང་ཡོད་འདུག སྐུའི་འཁྲུངས་སྐར་མ་ཚེས་གོང་སྟེ་ཕྱི་ཚེས་༦་ཉིན་རྒྱབ་ནས་ལི་ཐང་དགོན་ཆེན་མཚན་ཉིད་གྲྭ་ཚང་དང་གསང་བསྔགས་གྲྭ་ཚང་། དེ་བཞིན་ལི་ཐང་དགོན་ཆེན་གྱི་ཚོགས་ཆེན་ཡང་སྒོ་རྒྱག་གི་བཅུག་ཡོད་འདུག་ལ།

སུ་གང་གིས་འཁྲུངས་སྐར་སྲུང་བརྩི་མི་ཆོག་པ་དང་དེ་འབྲེལ་གྱི་ལས་ཀ་ཅི་ཡང་བྱེད་མི་ཆོག་པར། རང་རང་སོ་སོའི་ས་ནས་ཉམ་ཆུང་ཚུལ་ལྡན་དུ་འདུག་དགོས་པར་བསྒྲགས་གཏམ་སྤེལ་ཡོད་འདུག དངོས་སུ་འཁྲུངས་སྐར་ཉིན་མོར་ལི་ཐང་གྲོང་གི་མི་མང་འདུས་སའི་སྲང་མདོ་གང་སར་དང་ལྷག་ཏུ་བོད་མི་རྣམས་འཛོམས་སའི་ས་ཚིགས་སོ་སོར་ཉེན་རྟོག་པ་འགྲེམས་འཇོག་གིས་ལྟ་རྟོག་ནན་མོས་བྱས་ཏེ། བོད་མི་རྣམས་ལ་བློ་བཟོད་མི་བདེ་བའི་ཚོར་བ་སྤྲད་ཡོད་འདུག

དེ་བཞིན་ཉེ་ཆར་ཞིག་ནས་རྒྱ་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་ལྐོག་འབྲེལ་བྱེད་མཁན་ཡོད་པས་དེ་དག་གིས་རང་འགུལ་གྱིས་མཚམས་བཞག་ན་མ་གཏོགས། ང་ཚོས་སྤྱི་ཚོགས་གང་སར་ལྟ་རྟོག་བྱེད་མཁན་གྱི་མི་བཞག་ཡོད་པས་ཐར་ས་ཞིག་ཡེ་ནས་མེད་ཅེས་འཇིགས་སྐུལ་བྱས་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།