24
Thu, Oct

༢༠༡༨ལོའི་ཟླ་༧ཚེས་༡༦ཉིན་ྋགོང་ས་མཆོག་གིས་ལ་དྭགས་ལྡུམ་ར་བསམ་གཏན་གླིང་དགོན་པར་བཀའ་ཆོས་གནང་བཞིན་པ། པར་དབང་དཔལ་ལྡན་དགའ་ལྡན་ཕོ་བྲང༌།

སེམས་དང་སྲོག
Typography

ཕྱི་ལོ་༢༠༡༨ཟླ་༧ཚེས་༡༦རེས་གཟའ་ཟླ་བ་ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལྡུམ་ར་བསམ་གཏན་གླིང་དགོན་པར་མི་མང་སྟོང་ཕྲག་བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང༌། སེམས་སྐྱེས་བཀའ་བརྒྱ་མ། དེ་བཞིན་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་སྩལ་གནང་ཡོད་པ་རེད།

དེ་ཡང་ཐོག་མར་ནང་ཆོས་ངོ་སྤྲོད་སྩལ་དོན། ཆོས་འདི་ལམ་དང་ལུགས་སྲོལ་ལྟ་བུ་བྱས་ནས་ཕྱིན་པ་ཡིན་ན་དེར་དེ་ཙམ་གྱི་དོན་གཉེར་དང་དོ་སྣང་བསླེབ་ཐུབ་རྒྱུ་མེད། ཆོས་དེ་དེ་རིང་ཁ་སང་དུས་རབས་ ༢༡ ནང་འབྲེལ་བ་ཡོད་པ་གཅིག་ཡིན་ན། དེར་དོ་སྣང་བྱེད་དགོས་པ་ཞིག་ཆགས་ཡོད། ཅེས་གསུངས།

ཡང་ཁོང་གིས་གསུངས་དོན། སྤྱིར་ཆོས་ལུགས་ཚང་མའི་ནང་བྱམས་བརྩེའི་བསླབ་བྱ་ཡོད་པ་ལྟར་ངོས་ཀྱི་ངོས་ཤེས་ཡེ་ཤུའི་ཆོས་པ་ཁག་གཅིག་གིས་བྱམས་བརྩེའི་ཉམས་ལེན་ཧ་ལས་པ་འདུག ཕྱོགས་མཚུངས་དཔེར་ན་ཀོལ་ཀ་ཏའི་ཨ་མ་ཊེ་རེ་སར་ Mother Teresa མཚོན་ན་ཡེ་ཤུའི་ཆོས་པ་རེད། གཞན་ཕན་ཧ་ལས་པ་རེད། བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ཐུབ་རྒྱུ་མ་རེད། ཤེས་རབ་ཀྱི་ཆ་ནས་བྱང་ཆུབ་ལ་དམིགས་པ་དེ་མེད་སྟབས་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་མ་ཐུབ་ཀྱང་གཞན་དོན་དོན་གཉེར་གྱི་སེམས་ཤུགས་ཧ་ལས་པ་རེད། ཅེས་གསུངས་ཡོད།

མི་མང་པོར་ཕན་ཐོགས་བྱེད་ཀྱི་ཡོད། ངོས་རང་ཁོང་ལ་མོས་པ་ཆེན་པོ་ཡོད། ཁོང་གཤེགས་རྗེས་ཁོང་གི་གནས་གཞི་ཀོལ་ཀ་ཏར་ཕྱིན་པ་ཡིན། ཨ་མ་ལགས་ཁོང་གཤེགས་ཟིན་ཡང་རྗེས་འཇུག་ཚོས་ཧུར་ཐག་གནང་བཞིན་འདུག ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་ཧ་ཅང་སྐྱོན་བཞིན་ཡོད་སྟབས་ཆོས་ལུགས་ཚང་མ་ད་ལྟའི་དུས་རབས་འདིར་དགོས་མཁོ་ཡོད་པ་ཞིག་རེད།

ང་ཚོས་མཐོང་བ་མངོན་འགྱུར། ཅུང་ཟད་ལྐོག་འགྱུར། ཤིན་ཏུ་ལྐོག་འགྱུར་ཞེས་བཤད་པའི་ནང་གི་མཐོང་བ་མངོན་འགྱུར་ལ་ཚན་རིག་པས་དཔྱད་པ་ཧ་ཅང་བྱས་ནས་ང་ཚོས་མ་ཤེས་པ་དེ་འདྲ་མང་པོ་ཤོད་བཞིན་འདུག ཕན་རྒྱུ་འདུག ཏག་ཏག་ར་འཕྲོད་རྒྱུ་ཡོང་བཞིན་འདུག མཐོང་བ་མངོན་འགྱུར་ལ་དཔྱད་པ་བྱས་ནས་གཞི་ནས་ཅུང་ཟད་ལྐོག་འགྱུར་ལ་དོ་སྣང་གསར་པ་བསླེབ་རྒྱུ་ཞིག་ཆགས་ཀྱི་འདུག

དེང་སྐབས་དུས་རབས་ ༢༡ ནང་དཔལ་ནཱ་ལེནྜའི་ཆོས་རྒྱུད་འདི་དགོས་མཁོ་ཡོད་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། དེར་བརྟེན་ཕྱི་ལོ་ ༡༩༦༠ ཙམ་ནས་ངོས་ཀྱིས་དགོན་པ་ཚང་མས་དཔེ་ཆ་བལྟ་དགོས་པ་འདུག བཙུན་མ་ཚོས་ཀྱང་དཔེ་ཆ་བལྟ་དགོས་ཀྱི་འདུག ཅེས་འབོད་སྐུལ་བྱས་པ་ཡིན། ཁ་སང་མི་སྐྱ་ཕོ་མོ་ཚོས་རྟགས་གསལ་བཏང་བ་རེད། གང་ལྟར་ཁྱེད་རང་ཚོ་ཧི་མཱ་ལ་ཡི་རི་རྒྱུད་ལ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་གཞུང་ཆེན་ལ་དོ་སྣང་བྱས་ནས་སློབ་སྦྱོང་བྱེད་བཞིན་པ་འདི་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།།

བོད་ཀྱི་ལོ་རྒྱུས་ཡིག་ཆ།