20
Fri, Sep

༢༠༡༩ལོའི་ཟླ་༥་ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་གཉིས་གསར་འགོད་གསལ་བསྒྲགས་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༥་ཚེས་༡༤ཉིན། བཞུགས་སྒར་རྡ་ས་བཀའ་ཤག་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱ་འཆར་ཡོད་པའི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

དེ་ཡང་༢༠༡༩ལོའི ཟླ་ ༡༠ ཚེས་ ༢༨ ཉིན་ྋསྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པའི་རྟེན་འབྲེལ་གྱི་དབུ་འབྱེད་མཛད་སྒོ་འཚོགས་རྒྱུ་གཏན་འཁེལ་ཡོད་པ་དང་། གོང་ཟླ་དེའི་ཚེས་ ༢༨་ནས་༣༡་བར་ཉིན་བཞིའི་རིང་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག

དབུ་འབྱེད་མཛད་སྒོའི་ཐོག་མར། བོད་ཀྱི་ཟློར་གར་ཚོགས་པ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བཅས། དོན་སྙིང་ཤིན་དུ་ཟབ་ཅིང་རྟེན་འབྲེལ་བཟང་བའི་འཇིག་རྟེན་ཞི་བདེའི་སྒྱུ་རྩལ་གཟེངས་རྟགས་སུ་རིན་ཆེན་སྣ་ལྔ་ལས་གྲུབ་པའི་བོད་ཀྱི་ལྷ་མོའི་སྔོན་འགྲོ་རྔོན་པའི་སྣང་བརྙན་ཁྱད་པར་ཅན་ཞིག་འབུལ་ལམ་ཞུ་རྒྱུ་དང་།

དེའི་རྗེས་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་བདུན་ནས་སྒྱུ་རྩལ་མཁས་དབང་ཕྱི་རྒྱལ་བ་གྲངས་༡༩ དང༌། རྒྱ་གར་དང་བལ་ཡུལ་གཉིས་ནས་སྒྱུ་རྩལ་མཁས་པ་གྲངས་༩་བཅས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐད་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་དེ་ཚོགས་གཏན་འཁེལ་འདུག

དེ་བཞིན། བོད་ཀྱི་ཟློས་གར་དགེ་ལས་ཟློས་ཟུར་རྣམས་ཕན་ཚུན་འབྲེལ་ལམ་དམ་ཟབ་འབྱུང་སླད། ཟློས་ཟུར་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་སྐབས་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་ཁག་༡༠ ལྷག་ཙམ་ནས་ཟློས་གར་ཚོགས་མི་ཟུར་པ་གྲངས་ ༡༠༠ ལྷག་ཙམ་དང༌། ཟློས་དགེ་འོས་སྦྱོང་བ་གྲངས་༢༥ལྷག ལྷ་མོ་ཚོགས་པའི་ཚོགས་མི། དེ་བཞིན་སྒྱུ་རྩལ་བ་གཞན་འགའ་ཞིག་བཅས་མཉམ་ཞུགས་གནང་གཏན་འཁེལ་འདུག

དུས་དྲན་མཛད་སྒོ་ཚོགས་རིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་མཁན་རྣམས་ལ་ཞལ་ལག་དང་བཞུགས་གནས་ཀྱི་དོད་ཐོབ་འབུལ་ལམ་ཞུ་རྒྱུ་དང་། རྒྱ་བལ་འབྲུག་གསུམ་ནས་ཕེབས་མཁན་ཚོགས་བཅར་བ་རྣམས་ལ་དུས་ཆེན་རིང་གི་བཞུགས་གནས་དང་། ཞལ་ལག་དང་། ཕེབས་ལམ་གྱི་ལམ་གྲོན་དོད་བཅས་འབུལ་ལམ་ཞུ་རྒྱུ་ཡིན་འདུག་སྐོར་བཅས་བརྗོད་སོང་།