20
Wed, Feb
18 New Articles

༢༠༡༩ལོའི་ཟླ་༡ཚེས་༣༡ཉིན། སྲིད་སྐྱོང་མཆོག་གིས་ཉི་ཧོང་མི་མང་ལ་བོད་དོན་སྐོར་གསུང་བཤད་གནང་བ།

རྒྱལ་སྤྱིའི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༣༡ཉིན། ཉི་ཧོང་དུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་ནག་གིས་བོད་ནང་སྲིད་ཇུས་ཇི་ལྟར་ལག་བསྟར་བྱས་ནས་བོད་བཙན་འོག་ཏུ་བཟུང་བ་བཞིན་ད་ལྟར་རྒྱལ་ཁབ་དང་ཡུལ་གྲུ་ཁག་མང་པོ་ཞིག་གི་ནང་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་ཚོང་འབྲེལ་དང་ཤེས་ཡོན་སོགས་ཀྱི་ཐོག་ནས་གཞན་ལ་ཤུགས་རྐྱེན་ཐེབས་པར་བྱེད་བཞིན་ཡོད་པས་ཚང་མས་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་ཁ་བའི་འོག་གི་མེ་ལྕེ་Fire under the Snow ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཉི་ཧོང་གི་ཨོ་ས་ཀའི་Osaka city གྲོང་ཁྱེར་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་སར་བོད་ཀྱི་གནད་དོན་ཐོག་གསུང་བཤད་གནང་འདུག

དེ་ཡང་ཁོང་གིས་གསུངས་དོན། གལ་ཏེ་རྒྱ་ནག་གི་སྐོར་ཤེས་དགོས་ན་བོད་སྐོར་ངེས་པར་དུ་ཤེས་དགོས་པ་རེད། བོད་ནང་གནས་ཚུལ་ཐབས་སྡུག་བྱུང་བ་བཞིན་ཁྱེད་རང་ཚོ་ལའང་དེ་ལྟ་བུ་འབྱུང་སྲིད་པ་རེད། རྒྱ་ནག་གིས་དང་པོ་བོད་ནང་ལམ་ཁ་བཟོས་རྗེས་རིམ་པས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག་སོགས་བྱས་ཡོད། རྒྱ་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱས་པ་ལྟར་ད་ལྟའི་ཆར་ཨེ་ཤི་ཡ་དང་ཨ་ཧྥི་རི་ཁའི་ཡུལ་གྲུ་མང་པོའི་ནང་དུའང་དེ་ལྟར་ལག་བསྟར་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་བདེན་པའི་གནས་སྟངས་སྐོར་གླེང་སློང་བྱ་རྒྱུར་དམ་བསྒྲགས་བྱ་རྒྱུས་མཚོན་སྤྱིར་ཤེས་ཡོན་ཐོག་ལའང་རང་དབང་སྒོ་ནས་སློབ་སྦྱོང་བྱ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཀྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཚོའི་ཐོག་རྒྱ་ནག་གཞུང་གིས་གནོན་ཤུགས་ཧ་ཅང་སྤྲོད་བཞིན་ཡོད། རྒྱ་ནག་གི་གནོན་ཤུགས་དེ་ལྟ་བུ་ཉི་ཧོང་གི་ཤེས་ཡོན་བསྟི་གནས་ཁག་སོགས་ཀྱི་ནང་དུང་བསླེབ་སྲིད་པ་ཞིག་རེད།ཉི་ཧོང་གིས་དེ་རིགས་ལ་ངེས་པར་དོགས་ཟོན་གནང་དགོས།

ཡུ་རོབ་དང་། ལྷོ་ཨ་མེ་རི་ཁ།ལྷོ་ཨ་ཧྥི་རི་ཁ། ཨོ་སི་ཊོ་ལི་ཡ་བཅས་ཀྱི་འགོ་ཁྲིད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཆབ་སྲིད་ལས་དོན་སོགས་ཀྱི་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་Czech Republic ནི་རྒྱལ་ཁབ་ཆུང་ཆུང་ཞིག་རེད། རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལུང་པ་དེའི་མཐོ་སློབ་དང་།ཚོང་ལས།ཆབ་སྲིད་ལས་དོན་སོགས་ཀྱི་ཐོག་སླེབ་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཤུགས་རྐྱེན་ལ་གདོང་ལེན་གྱིས་གྲོས་ཚོགས་འཐུས་མི་༥༡ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཡུ་རོབ་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་ཨོ་སི་ཊོ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་སྐབས།ཡུལ་དེའི་གཞུང་འཛིན་བཀའ་བློན་དང་། ཆབ་སྲིད་ཚོགས་པ་ཡོངས་ནས་གྲོས་ཚོགས་འཐུས་མིས་ཆེས་ཐོག་མ་མཉམ་ཞུགས་ཡོད།

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་ཤོས་ཡོད་པའི་ཉི་ཧོང་ལྟ་བུར་མཚོན་ན་མང་ཚོགས་རྣམས་ཀྱིས་གྲོས་ཚོགས་འཐུས་མི་ཚོར་རྒྱུད་སྐུལ་གནང་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་ཡོང་བ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་སྲུང་སྐྱོབ་ཆེད་དགོས་པའི་རེ་འདུན་གདོན་དགོས་པའི་སྐོར་གསུངས།

ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ན་གའོ་ཊ་ཀ་ཞི་Mr. Nagao Takashལགས་ཀྱིས་ཉི་ཧོང་མི་རེ་ངོ་རེ་ནས་བོད་མིའི་ཆོས་དང་། རིག་གཞུང་། རང་དབང་སོགས་སྲུང་སྐྱོབ་ཀྱི་ཆེད་ཞབས་འདེགས་ཞུ་ཐུབ་པའི་སྐོར་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་གི་ཡོད་པའི་སྐོར་གསུངས་འདུག

གསལ་བསྒྲགས་ཀྱི་ས་མིག