26
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་༤ཉིན། བཞུགས་སྒར་རྡ་ས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལན་ནས་ཕེབས་པའི་གནད་ཡོད་མི་སྣ་ལྔ་བཅུ་ཙམ་ལ་མཇལ་ཁ་གནང་འདུག

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣་ཚེས་༤ཉིན། བཞུགས་སྒར་རྡ་ས་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ལན་ནས་ཕེབས་པའི་གནད་ཡོད་མི་སྣ་ལྔ་བཅུ་ཙམ་ལ་མཇལ་ཁ་གནང་སྟེ། ནང་པ་ཚོས་མཐུན་སྒྲིལ་བྱས་ནས་ལཛམ་གླིང་ཞི་བདེ་གོང་འཕེལ་གཏོང་དགོས་ཞེས་གསུངས་འདུག

དེ་ཡང་སྐབས་དེར་༸གོང་ས་མཆོག་གིས་ཐེ་ལན་གྱི་མཇལ་ཞུ་བ་ཚོར་གསུང་དོན། ང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་གཅིག་པ་ཡིན་དུས། ང་ཚོས་ངེས་པ་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་དགོས་པ་དང་། གཞན་ཡང་ང་ཚོ་འགྲོ་བ་མི་གཅིག་པ་ཡིན་པས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པར་གསུངས་འདུག

ཐེ་ལན་གྱི་མཇལ་ཞུ་བ་ཚོའི་ཁྲོད་ཀྱི་འབུམ་རམསཨ་ཧྥི་ཆཎ་ཆ་ན་མཆོག་གིས་འདི་གའི་གསར་ཁང་ལ་ཁོང་ཚོ་འདིར་ཡོང་དོན་དང་ཚོར་བ་བརྗོད་དོན། ང་ཚོ་འདིར་ཡོང་དོན་ནི་ང་ཚོས་ཆེས་བརྩེ་བཀུར་བྱེད་སའི་ཏཱ་ལའི་བླ་མ་མཆོག་དང་མཇལ་དུ་ཡོང་བ་ཡིན། ང་ཚོ་༸གོང་ས་མཆོག་ལ་མཇལ་སྐབས། སེམས་སུ་ཧ་ཅང་ཞི་བདེའི་ཚོར་བ་ཞིག་ཡོང་གི་འདུག ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་ཞེས་བརྗོད་སོང་།

ཁོང་མོར་༸གོང་ས་མཆོག་གིས་ཁོ་ཚོར་ཅི་གསུང་ཡོད་མེད་ཀྱི་སྐོར་ནས་བཅར་འདྲི་བྱེད་སྐབས་ཁོ་མོས་བརྗོད་དོན། ༸གོང་ས་མཆོག་གིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་དང་། ཡང་སྒས་སུ་ནང་པ་ཚོས་མཐུན་སྒྲིལ་བྱས་ནས་འཛམ་གླིང་ནང་ཞི་བདེ་གོང་འཕེལ་གཏོང་དགོས་པ་དང་། གཞན་ཡང་ང་ཚོ་འགྲོ་བ་མི་གཅིག་པ་ཡིན་པས་གཅིག་ཕན་གཅིག་གྲོགས་བྱེད་དགོས་པར་གསུངས་སོང་། དེ་ནས་༸གོང་ས་མཆོག་གིས་ཁོང་ཐེ་ལན་དུ་ཕེབས་མྱོང་བ་དང་དེའི་ནང་པའི་རྗེས་འཇུག་པར་འབྲེལ་བ་ཡོད་པ་དང་། མ་འོངས་པའང་། བོད་པའི་གྲྭ་བ་དང་ཐེ་ལན་གྱི་གྲྭ་བ་ཕན་ཚུན་བརྗེ་ལེན་བྱས་ནས་ནང་ཆོས་སྦྱོང་པའི་ལས་རིམ་ཞིག་གོ་སྒྲིག་བྱེད་ཐུབ་ན་ཡག་པོ་ཡོད་པ་དང་། ང་ཚོས་དེའི་ཐོག་འགན་བཞེས་དགོས་པའི་བཀའ་སློབ་གནང་སོང་། ང་ཚོ་དེའི་ཐོག་ལ་མཉམ་ཞུགས་བྱ་རྒྱུ་གྲ་སྒྲིག་ཡོད་ཅེས་དང་། ༸གོང་ས་མཆོག་ནི་ང་ཚོའི་ཡིད་ཆེས་བློ་བརྟེན་ཁེལ་བའི་མི་སྣ་མཆོག་ཏུ་གྱུར་བ་ཞིག་ཡིན་ཞེས་བརྗོད་སོང་། ཐེངས་འདིར་ང་ཚོས་༸གོང་ས་མཆོག་ལ་མཇལ་ཐུབ་པ་ནི་ང་ཚོའི་བསོད་ནམ་ཡིན་པ་དང་། ཁོང་ནི་ག་དུས་ཡིན་ཡང་མི་གཞན་གྱིས་ཆེད་དུ་ཕྱག་ལས་གནང་གི་འདུག ཁོང་དེ་རིང་མཇལ་སྐབས་སྐུ་ངོ་མ་གྲེས་པོ་ཆགས་འདུག དེར་བརྟེན། ང་ཚོ་མི་རབས་གསར་པ་ཚོས་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ལས་འགན་མང་ཙམ་བཞེས་དགོས་བསམས་བྱུང་ཞེས་བརྗོད་སོང་།

དགེ་བཤེས་ཚེ་རིང་ཆོས་འཕེལ་ལགས་ནི་ཐེངས་འདིའི་ཐེ་ལན་གྱི་མཇལ་ཞུ་བ་ཚོ་༸གོང་ས་མཆོག་ལ་མཇལ་ཁ་ཞུ་པར་རོགས་རམ་བྱེད་མཁན་གཙོ་བོ་ཡིན་པ་དང་། ཁོང་གིས་འདི་གའི་གསར་ཁང་ལ་བརྗོད་དོན། དེ་རིང་༸གོང་ས་མཆོག་ལ་མཇལ་ཁ་ཞུ་བ་དེ་ལོ་སྔོན་མ་ནས་ང་ལ་འབུམ་རམས་པ་ཨ་ཧྥི་ཆཎ་ཆ་ན་ལགས་ཀྱིས་ཞུས་སོང་། འོན་ཀྱང་། ཕྱག་ལས་གཞན་དབང་གིས་རོགས་པ་བྱེད་རྒྱུ་རེག་མ་སོང་། ད་ལོར་རོགས་པ་བྱས་ཏེ་དངོས་སུ་འདིར་ཕེབས་ནས་༸གོང་ས་མཆོག་དང་མཇལ་ཁ་ཞུས་ཐུབ་སོང་བ་དང་། ཁོ་ཚོར་དམིགས་བསལ་གྱིས་སྟོན་པའི་སྐུ་གནང་བ་དང་བཀའ་སློབ་ཡང་གནང་འདུག དགེ་བཤེས་ལགས་ཀྱིས་མུ་མཐུད་ནས་གསུང་དོན། རྒྱུན་དུ་༸གོང་ས་མཆོག་གིས་ང་ཚོ་ནང་པ་དང་ཐེ་ལན་ནང་པ་བར་འབྲེལ་ལམ་ཡག་པོ་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། ང་ཚོ་ནི་ཐེག་ཆེན་རེད་དང་ཁོ་ཚོ་ནི་ཐེག་མེད་རེད་ཅེས་བརྗོད་ནས་བསྡད་ན་ཡག་པོ་མེད། ང་ཚོ་སྟོན་པའི་རྗེས་འཇུག་པ་ཡིན་པ་གཅིག་པ་ཡིན་ཙང་མཐུན་སྒྲིག་བྱེད་དགོས་སྐོར་གསུང་དུས། ངས་འདིར་ཁོ་ཚོར་གང་ཐུབ་ཐུབ་ཀྱིས་རོགས་བྱེད་ཀྱི་ཡོད།

༸གོང་ས་མཆོག་ཐེ་ལན་དུ་༡༩༦༧ལོར་ཐེངས་དང་པོར་ཕེབས་ཡོད་པ་དང་ཐེངས་གཉིས་པ༡༩༩༣་ལོར་ཕེབས་ཡོད་འདུག

འབུམ་རམས་པ་ཨ་ཧྥི་ཆཎ་ཆ་ན་མཆོག་ནི་ཐེ་ལན་ནང་གི་ནང་པའི་ཚོགས་པ་ཎ་མོ་བྷོ་ད་ཡའི(Namo Buddhaya Groups )་འགན་འཛིན་དང་ང་ཚོ་འགྲོ་བ་མིའི་རིགས་ལ་གཅེས་པ་ཡོད་(We care for Humanity in Thailand) ཅེས་པའི་ཚོགས་པའི་འགན་འཛིན། དེ་བཞིན་རྒྱལ་སྤྱིའི་བུད་མེད་ཚོགས་པའི་ཞི་བདེའི་སྐུ་ཚབ་བཅས་ཡིན་འདུག ཁོང་མོས་ཞི་བདེ་ཐོག་ཕྱག་ལས་མང་པོ་གནང་ཡོད་སྟབས། གཟེངས་རྟགས་ཀྱང་མང་པོ་ཐོབ་ཡོད་པ་རེད་འདུག