22
Fri, Mar
40 New Articles

༸གོང་ས་མཆོག་གིས་སོག་པོའི་ཆོས་ཞུ་བ་ཚོར་གསུང་ཆོས་གནང་།

བཙན་བྱོལ་གྱི་གསར་འགྱུར།
Typography

ཕྱི་ལོ་༢༠༡༩ཟླ་༢ཚེས་༢༨ཉིན། ༸སྤྱི་ནོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་རྡ་ས་བཞུགས་སྒར་ནས་སོག་པོའི་ཆོས་ཞུ་བ་རྣམས་ལ་གསུང་ཆོས་དབུགས་འཛུགས་གནང་འདུག་ཅིང་། སྐབས་དེར། ༸མགོན་པོ་གང་ཉིད་ཀྱིས་སྤྱིར་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་སོག་པའི་བར་གྱི་འབྲེལ་བ་དང་། སྒོས་སུ་༸རྒྱལ་བ་སྐུ་ཕྲེང་དང་སོག་པའི་བར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བའི་སྐོར། ད་དུང་སོག་པོར་བསྟན་པ་དར་ཚུལ་སོགས་ཀྱི་སྐོར་ནས་བཀའ་སློབ་ཟབ་མོ་གནང་འདུག

དེ་ཡང་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་དུ་། སོག་པོའི་དད་ལྡན་ཆོས་ཞུ་བ་ཚོས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མགོན་པོ་གང་ཉིད་ཀྱིས་སོག་པོའི་ཆོས་ཞུ་བ་བླ་མ་དང་དགེ་རྒན་གྱིས་གཙོས་བླ་སྤྲུལ་དགེ་འདུན་པ་རྣམ་པ། སྐྱ་སེར་གྲངས་༡༥༩བཅས་ལ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་ལམ་རིམ་ཉམས་མགུར་གྱི་གསུང་ཆོས་དབུ་འཛུགས་མཛད་ཅིང་། གསུང་ཆོས་ཀྱི་ཐོག་མར་སོག་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས། ༸གོང་ས་མཆོག་གིས་ལོ་རྒྱུས་ཐོག་གི་བོད་དང་སོག་པོའི་འབྲེལ་སྐོར་ནས་ཐོག་མར་འདི་ལྟར་བཀའ་སློབ་སྩལ་དོན། དེ་རིང་ཆེན་པོ་ཧོར་གྱི་ཡུལ་ནས་དངོས་སུ་ཕེབས་པའི་བླ་སྤྲུལ་རྣམ་པས་གཙོས་སེར་སྐྱ་གང་འཚམ་ཞིག་དང་། དེ་བཞིན་སོག་པོའི་རང་ཡུལ་ལ་སེར་སྐྱ་མང་པོ་འཛོམས་ནས་གློག་འཕྲིན་བརྒྱུད་ང་ཚོ་ཐུག་རྒྱུའི་གོ་སྐབས་བྱུང་བ་རེད། ཁྱེད་རང་ཚོ་ཚང་མས་ཤེས་ཀྱི་རེད།སྔར་དུས་རབས་བདུན་པ་དང་། བརྒྱད་པ།དགུ་པ་སྐབས་ལ་རྒྱ་ཡིག་གི་ཡིག་ཆའི་ནང་གསལ་པོར་འཁོད་པ་ལྟར་ན། རྒྱ་ཧོར་བོད་གསུམ་ཞེས་རྒྱ་ནག་རྒྱལ་པོ་དང་། ཧོར་གྱི་ཇིང་གིར་རྒྱལ་པོ། བོད་ཀྱི་རྒྱལ་པོ་ཞེས་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ༧རྒྱལ་བ་རིན་པོ་ཆེ་སྒེར་གྱི་ངོས་ནས་བཤད་པ་ཡིན་ནའང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཧོར་གྱི་ཡུལ་ལ་ཕེབས་ནས་དམིགས་བསལ་གྱི་འབྲེལ་བ་ཆེན་པོ་ཞིག་ཆགས་པ་རེད། ཧོར་གྱི་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་སྔ་དར་ཞེས་པ་ཞིག་གསུང་གི་འདུག་ཅེས་གསུངས་སོང་།

དེ་ནས་དར་ལམ་ཟེར་བ་དེ་བརྒྱུད་ནས་རྒྱ་གར་དང་རྒྱ་ནག་ལ་འབྲེལ་བ་ཆགས་ནས་ཧོར་གྱི་ཡུལ་བརྒྱུད་ནས་ཡོང་གི་ཡོད་པས་བསྟན་པ་སྔ་དར་ཟེར་བ་ཞིག་བཤད་ཀྱི་འདུག བསྟན་པ་བར་དར་ཟེར་བ་རྩི་ཆོག་གི་རེད། དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཇིང་གིར་རྒྱལ་པོ་གཉིས་ཕན་ཚུན་བར་དམིགས་བསལ་གྱིས་བླ་སློབ་ཀྱི་འབྲེལ་བ་ཆགས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་རེད། དེ་ནས་བསྟན་པ་ཕྱི་དར་གྱི་ཚུལ་དེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཧོར་གྱི་ཡུལ་ལ་ཕེབས་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་ཧོར་གྱི་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་བ་རེད། ཅེས་མགོན་པོ་གང་ཉིད་ཀྱིས་སོག་པོའི་ཡུལ་དུ་བསྟན་པ་སྔ་དར་བྱུང་བའི་སྐོར་ནས་འདི་ལྟར་གསུངས་སོང་།

གཞན་ཡང་ ༸རྒྱལ་བའི་སྐུ་ཕྲེང་དང་སོག་པོའི་འབྲེལ་བའི་སྐོར་ནས་ཁོང་གིས་འདི་ལྟར་བཀའ་བསྩལ་དོན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ཏཱ་ལའི་བླ་མ་ཟེར་བའི་མིང་དེ་ཡོད་པ་མ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་མདོ་སྔགས་གཉིས་ཀའི་ཐོག་ནས་མཁས་པའི་དབང་པོ་ཆགས་ནས་ཐམས་ཅད་མཁྱེན་པ་ཟེར་བའི་མིང་དེ་ཐོགས་པ་རེད། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་། ༸རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཏཱ་ལའི་བླ་མ་ཟེར་བ་དེ་ཁྱེད་རང་ཚོ་སོག་པོས་མིང་བཏགས་པ་རེད། ཏཱ་ལའི་ཟེར་བ་དེ་བོད་སྐད་དུ་གོ་རྒྱུ་གང་མེད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས་བཟུང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་སོག་པོ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཡོད། ༸རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་པོའི་དཔོན་པོ་ཞིག་གི་སྲས་སུ་འཁྲུངས་པ་རེད། དེ་ཚོ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པ་རེད་འདུག

དེ་འདྲའི་ཐོག་ནས་བོད་སོག་གཉིས་དམིགས་བསལ་གྱི་འབྲེལ་བ་བྱུང་པ་དེའི་ཐོག་ནས། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི་སྐབས་སུ་བོད་རང་གི་གནས་ཚུལ་དེ་ཡང་ནང་ཁུལ་ལ་མི་མཐུན་པའི་རྙོག་གྲ་ཆེན་པོ་ཆགས། ཆོས་ལུགས་ཀྱི་ཐོག་ནས་ཏོག་ཙམ་རྙོག་གྲ་ཡོད་པའི་སྐབས་ལ། གུ་ཤྲི་ཧན་གྱིས་༧གོང་ས་ལྔ་པ་ཆེན་པོར་རོགས་དང་རྒྱབ་སྐྱོར་ཞུས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་རེད། དེར་བརྟེན་ང་ཚོ་དང་སོག་པོའི་བར་དམིགས་བསལ་གྱི་འབྲེལ་བ་འདུག ༸རྒྱལ་བ་སྐུ་ཕྲེང་༡༣སོག་ཡུལ་ལ་ཕེབས་པ་མ་ཟད། སོག་སྐད་ཀྱང་ཧ་ཅང་ཡག་པོ་མཁྱེན་གྱི་འདུག ངོས་ཀྱི་མཚན་ཞབས་པ་དངོས་གྲུབ་ཚོགས་གཉིས་ཕྱག་དཔེ་ཧ་ཅང་ཡག་པོ་ཡོད། ངོས་ལ་དབུ་ཕར་གྱི་གཞུང་དང་ལྷག་པར་དབུ་མའི་གཞུང་དམིགས་བསལ་གྱིས་ཤུགས་རྐྱེན་སླེབས་པ་དེ་རྒན་དངོས་གྲུབ་ཚོགས་གཉིས་ལ་བརྟེན་ནས་བྱུང་བ་རེད། དངོས་གྲུབ་ཚོགས་གཉིས་ནང་སོག་ནས་བྱུང་བ་རེད། དངོས་གྲུབ་ཚོགས་གཉིས་ལྷ་སར་འབྱོར་ནས་༸སྐུ་མདུན་སྐུ་གོང་མའི་མདུན་དུ་རབ་བྱུང་སྒྲུབ་པའི་སྐབས་ལ་བོད་སྐད་ཡག་པོ་ཤེས་ཀྱི་མེད་པས། ༸སྐུ་མདུན་སྐུ་གོང་མས་སོག་སྐད་བསྐྱོན་ནས་གཤམ་ཐབས་ཡར་འཐེན་ཞེས་གསུངས་བྱུང་། ཞེས་རྒན་དངོས་གྲུབ་ཚོགས་གཉིས་རང་གིས་ངོས་ལ་གསུངས་སོང་། ༸སྐུ་མདུན་སྐུ་གོང་མས་སོག་སྐད་ཧ་ཅང་ཡག་པོ་མཁྱེན་གྱི་ཡོད་པ་བཟོ་འདུག ༸སྐུ་མདུན་སྐུ་གོང་མ་སོག་ཡུལ་ལ་གང་ལ་གང་འཚམ་བཞུགས་པ་རེད། གང་ལྟར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད་འདུག

ཐེངས་འདིའི་གསུང་ཆོས་ཉིན་གཉིས་ཀྱི་རིང་དུ་གསུངས་ཡོད་ཅིང་། སོག་པོའི་རྒྱལ་ས་ཨོ་ལན་པཱ་ཐུར་དུ་དྲ་རྒྱ་བརྒྱུད་ཆོས་ཞུ་མཁན་མི་གྲངས་༤༠༠༠བརྒལ་བར་ཐེངས་འདིའི་གསུང་ཆོས་ལ་ཉན་ཐུབ་པའི་མཐུན་རྐྱེན་ཡང་བསྐྲུན་ཡོད་འདུག

གསལ་བསྒྲགས་ཀྱི་ས་མིག