ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༢ ཉིན། བཞུགས་སྒར་དྷ་སར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༧ པ་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཤིག་ཚོགས་སོང་། སྐབས་དེར། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་ལ་ཡིད་རངས་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་དུས་ད་ལྟའང་རྒྱ་དམར་སྲིད་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་མྱ་ངན་གུས་བཏུད་ཞུ་ཡི་ཡོད། ང་ཚོ་ད་ལྟའི་མི་རབས་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ལ་ཁོང་རྣམས་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བ་དང་ཁོང་རྣམས་པའི་མངོན་འདོད་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་འོས་འགན་ཞིག་ཡིན། ཞེས་བརྗོད་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག བཞུགས་སྒར་དྷ་རམ་སའི་གཙུག་ལག་ཁང་ཉེ་འགྲམ་དུ་ཡོད་པའི་གླ་འཁོར་འཇོག་ཡུལ་དུ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༧ པ་དུས་དྲན་སྲུང་བརྩི་ཞུ་བའི་མཛད་སྒོ་ཤིག་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཀེའུ་ཚང་རིན་པོ་ཆེ་མཆོག་དང། སྐུ་མགྲོན་གཞན་ནི་བོད་ཀྱི་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ། དེར་དྷ་སྟེང་བོད་ཁྱིམ་གྱི་སློབ་མ། བཙུན་མ་གཙོས་བོད་ཀྱི་བུད་མེད་དང་སྐྱེས་པ་ཁག་ཅིག་མཉམ་ཞུགས་གནང་འདུག
དེ་ནས་བོད་ཀྱི་བུད་མེད་ཀྱི་ལྷན་ཚོགས་ཀྱི་ཚོགས་གཞོན་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་༦༧ ཐོག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་བསྒྲགས་གཏམ་བཀླགས་གནང་སོང་། དེའི་ནང་འཁོད་དོན། ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ནས་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་བོད་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་ཆོལ་གསུམ་བོད་ཀྱི་བུད་མེད་རྣམས་ནས་རྒྱ་ནག་དམར་གཞུང་གིས་དྲག་མཚོན་གྱི་མདུན་དུ་བདེན་པའི་འབོད་སྒྲ་བསྒྲོགས་ནས་གདོང་ལེན་གྱི་ལས་འགུལ་ནང་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཞུམ་པ་མེད་པར་བོད་བསྟན་སྲིད་ཀྱི་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་འབྲས་བུ་གཡུལ་ཀའི་ཐང་ཆེན་དུ་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོ་འདུ་ འཛོམས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་གནང་ནས་མི་ལོ་༦༧ ཧྲིལ་པོ་འཁོར་བའི་གལ་ཆེན་དུས་ཚིགས་ཀྱི་ཉིན་མོ་ཞིག་ཡིན། དེ་ནི་བོད་གཞི་བྱེས་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན། གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་གྱུར་རུང་བ་ཞིག་གཏན་ནས་མིན།
ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༢ ཉིན་བྱས་པ་ཅན་གྱི་ཆོལ་གསུམ་བུད་མེད་རྣམས་ཀྱིས་སྒྲིག་འཛུགས་རྒྱུན་འཛིན་ཆེད་བཙན་བྱོལ་ནང་ཀ་རྡོར་སྒང་གསུམ་དུ་ལོ་གཅིག་འཁོར་མ་ཐག་དྲན་གསོ་ཞུས་པ་དང་དེ་རྗེས་མུ་མཐུད་ལས་འགུལ་རབ་དང་རིམ་པ་ཞུས་ཡོད། ཕྱི་ལོ་༡༩༨༤ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་འོག་ཚོགས་པ་སླར་གསོ་ཞུས་པ་དང༌། བོད་དོན་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནས་རྒྱུའི་ཐོག་མའི་དགོངས་པ་དང་དམིགས་ཡུལ་སྙིང་བཅངས་ཀྱིས་ད་རིང་བར་མི་ལོ་ཧྲིལ་པོ་༦༧ འཁོར་གྱི་ཡོད། སྒྲིག་འཛུགས་འདི་ཡིས་ནང་སྔ་ཕྱི་བར་གསུམ་ལྷག་བསམ་གཡོལ་བ་མེད་པར་སྐུ་ལས་སྐྱོན་མྱོང་ཡོད་པའི་བུད་མེད་ཡོངས་དང༌། དམིགས་བསལ་བུད་མེད་རྒན་རབས་རྣམས་ཀྱིས་དུས་ཚོད་ཉག་ཕྲའི་སྐབས་སྐུ་ལས་སྐྱོན་པའི་བཀའ་དྲིན་བཅས་ལ་གུས་བརྩི་ཞུས་བ་དང་སྦྲགས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
དུས་ད་ལྟ་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡར་རྒྱས་བྱུང་བ་ནི་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་ཡང་སྒོས་བོད་མི་རྒན་རབས་གཙོ་བོར་གྱུར་བའི་རྒྱུན་ལས་གོང་མ་རྣམས་དང་ཚོགས་མི་རྣམས་ཀྱིས་སྔ་ཕྱི་བར་གསུམ་དུ་ལྷག་བསམ་སྙིང་བཅངས་ཀྱིས་བོད་སྤྱི་པའི་ལས་དོན་ལ་འགན་འཁུར་ཆེ་བཞེས་གནང་བའི་རླབས་ཆེན་གྱི་གྲུབ་འབྲས་ཞིག་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བློ་སེམས་རྩེ་གཅིག་གིས་དད་གུས་གཡོ་བ་མེད་པར་ཤར་སྐྱོད་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་དང་བོད་དོན་བདེན་པའི་འཐབ་རྩོད་ཐོག་དབུ་མའི་ལམ་ལ་ཤར་བསྐྱོད་ཞུ་མཁན་གྱི་ཆོལ་གསུམ་བོད་བུད་མེད་ཀྱི་སྒྲིག་འཛུགས་གཅིག་པོ་དེའང་ཆགས་ཀྱི་ཡོད། བོད་ཀྱི་བུད་མེད་ལྷན་ཚོགས་ནང་ས་གནས་ཡན་ལག་ཁག་༥༩ དང་ཚོགས་མི་གྲངས་༢༡,༠༠༠ ལྷག་ཡོད་པའི་གཞུང་ཁུངས་མ་ཡིན་པའི་ཚོགས་པ་རྙིང་ཤོས་ཞིག་ཡིན།
ད་བར་ར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་བཟུང་མུ་མཐུད་དྲག་གནོན་འོག་བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རབ་དང་རིམ་པ་ཞིག་ལག་བསྟར་བྱ་དང་བྱེད་མུས་ཀྱིས་གནས་སྟངས་ཉིན་རེ་ནས་ཉིན་རེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་རྒྱ་ནག་དམར་པོའི་སྲིད་གཞུང་གི་བརྩན་གནོན་དང་དམ་དྲག་ཁོ་ནའི་འོག་ཉིན་མཚན་མི་འཁྱོལ་བའི་ཛ་དྲག་གི་གནས་སྟངས་དེ་ཇེ་བཞིན་ཇེ་སྡུག་ཏུ་གནས་ཡོད་པ་ཚང་མས་མཁྱེན་གསལ་རེད།
དེང་གི་ཆར་ཡང་རྒྱ་གཞུང་གིས་བོད་ནང་གླུ་བ་དང་རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ། ཆོས་དང་རིག་གཞུང་སྲུང་སྐྱོབ་པ། སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་འགན་འཁུར་བ། བླ་ཆེན་དང་སྐྱ་སེར་ཕོ་མོ་སོགས་བོད་མི་རིགས་ཀྱི་བདེ་སྡུག་ལས་དོན་ཆེ་ཆུང་ཅི་རིགས་གནང་མཁན་ལ་ཆབ་སྲིད་ཀྱི་ཉེས་མིང་བཙུགས་ཏེ་དོན་མེད་གང་བྱུང་བཙོན་ཁང་ནང་གཅར་རྡུང་དྲག་པོ་གཏོང་བ་དང་འཛིན་བཟུང་བྱེད་པ། བོད་མི་གར་སོང་ཆ་མེད་དུ་བཏང་བ། རང་གི་ཡུལ་དུ་རང་གི་སྐད་དང་ཡིག་གེ་ལ་སྐུལ་བཅོལ་གྱི་རིན་ཐང་དང་ནུས་པ་རྩ་རླག་ཏུ་གཏོང་བ་ལ་སོགས་པའི་དམ་དྲག་གི་གནས་སྟངས་ཛ་དྲག་ཡིན་པ་མ་ཟད་བོད་མིའི་ཐོག་ལག་བསྟར་བྱེད་མུས་སུ་ཡོད་པའི་མཁྲེགས་བཟུང་སྲིད་ཇུས་དེ་ཕམ་ཉེས་དང༌། དབང་ཆ་གཅིག་བསྡུད་དང་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཡིན་པར་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོས་ལེན་བྱེད་དགོས། དེ་ལྟར་ཛ་དྲག་གི་གནས་བབ་རྣམས་ངེད་ལྷན་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང༌། གནད་དོན་འབྲེལ་ཆགས་ཀྱི་ཚན་པ་སོ་སོར་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་མུས་ཡིན། དེ་བཞིན་བོད་རྒྱའི་དཀའ་རྙོགས་དྲང་བདེན་སེལ་ཐབས་སུ། བོད་ཀྱི་གནད་དོན་ནི་བོད་མི་རིགས་དང༌། དེར་བདག་པའི་ས་ཁྱོན་ཞིག་གི་བདག་དབང་ཙམ་མིན་པར། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང༌། དྲང་སྙོམས་བཅས་ཉམས་རྒུད་ལས་སྐྱོབ་བྱེད་ཀྱི་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གཅིག་པུ་དེ་ལགས་ན། དྲང་བདེན་གྱི་ཚད་གཞི་འདི་ཉིད་གཙིགས་འཛིན་བྱེད་པའི་རྒྱལ་སྤྱིའི་གཞུང་དམངས་གཉིས་ངོས་ནས། བོད་ཀྱི་བདེན་མཐའ་བོད་རྒྱ་ཞི་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱལ་སྤྱིའི་ཁོར་ཡུག་སྐྲུན་དགོས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྙན་ཞུ་དང་འབོད་སྐུལ་ཞུ་མུས་ཡིན།
རྒྱ་གཞུང་གིས་གོ་མཚོན་སྣ་ཚོགས་བེད་སྤྱོད་ཀྱིས་ད་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་དང་། ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་༡༡ པ་རིན་པོ་ཆེ་གཙོས་པའི་བོད་མི་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་འགྱུར་ཡོད། ལྷག་པར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བོད་མི་སེར་སྐྱ་ཕོ་མོ་༡༦༩ ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་ཚད་མཐོའི་ལས་འགུལ་གནང་ཡོད། མ་ཟད་ལྷག་དོན་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཤུལ་ལུས་ནང་མིར་བསུན་གཙིར་དང་བཙན་པོ་དབང་ཡོད་བྱས་དང་བྱེད་མུས་རེད། རྒྱ་གཞུང་གྱིས་བོད་མི་རིགས་རྩ་མེད་བཟོ་རྒྱུ་དང་བོད་རྒྱལ་ཁབ་དེ་རྒྱ་སྡེ་ལ་འགྱུར་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་འཛིན་ནས་དོན་མེད་ཀྱིས་འཛིན་བཟུང་བཙོན་འགག་དང༌། ཉིན་མཚན་ཀུན་དུ་རང་དབང་དང་ཞི་བདེ་ལ་དགའ་བའི་བོད་མི་རྣམས་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གྱིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འགག་བྱས་ནས་ཕ་མ་དང་ཁ་བྲལ་བཏང་ནས་ངན་ཇུས་སློབ་གསོ་སྤྲད་པ་མ་ཟད། ན་ཆུང་བྱིས་པ་གྲྭ་བཙུན་བྱ་མི་ཆོག་པའི་བཙན་ཁྲིད་ཀྱིས་སློབ་གསོ་བྱེད་བཞིན་ཡོད།
སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ནང་གི་ཤིང་ནགས་གཅོད་བྲེགས་དང་། གཏེར་ཁ་སྔོག་འདོན། ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཆེའི་གནའ་བོའི་ཤུལ་བཞག་རྣམས་མེད་པར་བཟོ་བ། བོད་ནང་གི་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་ཐོག་གང་སར་ཆུ་མཛོད་གསར་རྒྱག་དང་ཁ་སྒྱུར་བྱས་དང་བྱེད་མུས་དང༌། མ་ཟད་སྣོད་བཅུད་གཉིས་ལ་གཏོར་སྐྱོན་གཏོང་མུས་དེ་ངེས་པར་མཚམས་འཇོག་དགོས། འོན་ཀྱང་བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་ཞི་བའི་ངོ་རྒོལ་སྤེལ་མུས་ཡིན་པ་ཡི་རངས་བསྔགས་བརྗོད་ཞུ། སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས་གནས་སྟངས་སོགས་ལ་རྒྱལ་སྤྱིའི་ཐོག་བོད་མི་སྤྱི་སྒེར་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་དང་བོད་ནང་དངོས་ཡོད་གནས་སྟངས་ཐོག་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་བར་བརྟེན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་ད་བར་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་ཐུབ་པ་བྱུང་ཡོད། མ་འོངས་པའང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་བརྩོད་ཀྱིས་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པ་ཆོས་སེམས་བརྟན་པོ་བཟུང་ཡོད།
བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡིད་རངས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་དུས་ད་ལྟའང་རྒྱ་དམར་སྲིད་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་མྱ་ངན་གུས་བཏུད་ཞུ་ཡི་ཡོད། ང་ཚོ་ད་ལྟའི་མི་རབས་རྣམས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་གནད་དོན་ཞིག་ལ་ཁོང་རྣམས་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བ་དང་ཁོང་རྣམས་པའི་མངོན་འདོད་བསྒྲུབ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་འོས་འགན་ཞིག་ཡིན། འདས་པའི་མི་ལོ་༦༧ རིང་རྒྱལ་སྤྱིའི་ནང་གི་བོད་དོན་ལ་དྲང་བདེན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སླད་མ་འོངས་པར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན།
མཐའ་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ་དང༌། བོད་ཀྱི་བདེན་མཐའ་མྱུར་དུ་བསལ་ནས་གཞིས་བྱེས་བོད་མི་རྣམས་གང་མགྱོགས་མཉམ་འཛོམས་ངང་རང་དབང་བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་སྨོན་འདུན་དང་བཅས། ཞེས་བཀོད་འདུག