ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༥ ཉིན། བཞུགས་སྒར་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕྱི་ལོ་༡༩༩༥ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་ཚོགས་ཆེན་ཐེངས་བཞི་པའི་སྐབས་བོད་ཀྱི་བུད་མེད་སྐུ་ཚབ་རྣམ་པས་རང་ཡུལ་དུ་སྨྲ་བརྗོད་རང་དབང་མེད་པའི་ངོ་རྒོལ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་དཀའ་ངལ་གདོང་ལེན་ལོ་ཁ་ཤས་བྱས་ནས་ཐོབ་པའི་གོ་སྐབས་ཤིག་དང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཆེ་ཤོས་ཕྱིན་པའི་དུས་ཤིག་ཡིན་འདུག
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ པ་ཐོག བཞུགས་སྒར་དྷ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་དགུ་ཡིས་རྒྱ་ནག་པེ་ཅིང་དུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་མི་ལོ་༣༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། ཕྱི་ལོ་༡༩༩༥ ལོར་རྒྱ་ནག་རྒྱལ་ས་པེ་ཅིང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་ཚོགས་ཆེན་ཐེངས་བཞི་པའི་སྐབས་བོད་ཀྱི་བུད་མེད་སྐུ་ཚབ་རྣམ་པས་རང་ཡུལ་དུ་སྨྲ་བརྗོད་རང་དབང་མེད་པའི་ངོ་རྒོལ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
དུས་དྲན་སྲུང་བརྩི་མཛད་སྒོ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་ལོ་༡༩༩༥་ལོའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཟུར་དང་སྤྱི་ཟུར་ངག་དབང་ལྷ་མོ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ། མི་མང་བཅས་ཁྱོན་མི་གྲངས་༣༠་ལྷག་མཉམ་ཞུགས་གནང་འདུག
ཐོག་མར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ནས་བོད་ཀྱི་བུད་མེད་དགུ་ཡིས་རྒྱ་ནག་པེ་ཅིང་དུ་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་མི་ལོ་༣༠་འཁོར་བའི་དུས་དྲན་དང་འབྲེལ་གཏམ་བཤད་གནང་དོན། ཕྱི་ལོ་༡༩༩༥ ལོར་པེ་ཅིང་དུ་རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་ཐེངས་བཞི་པ་འཚོགས་སྐབས་རྒྱལ་སྤྱིའི་མགྲོན་ཤོག་བོད་ཀྱི་བུད་མེད་ལྷན་ཚོགས་སྐབས་བཞི་པའི་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་ཚེ་རིང་ནོར་འཛོམས་དང་། དྲུང་ཆེ་ངག་དབང་ལྷ་མོ་གཉིས་ཀྱི་མཚན་ཐོག་ནས་འབྱོར་བས། རྒྱལ་སྤྱིའི་ཚོགས་འདུར་བཅར་རྒྱུའི་གྲ་སྒྲིག་ཐོག ཕྱི་ལོ་༡༩༩༥ ཟླ་༨ ཚེས་༡༠ ཉིན་ཁོང་གཉིས་རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱོད་སྐབས། ཕྱི་རྒྱལ་བ་དང་མཚུངས་པའི་ལག་འཁྱེར་དགོས། ཞེས་ཁོང་གཉིས་ཐེངས་འགའ་ཤས་བཅར་པས་མཐར་རྒྱ་ནག་གཞུང་ཚབ་ཀྱི་འགོ་ཁྲིད་ལ་གཏུག་སྟེ་སྔར་བཞིན་རེ་འདུན་བརྗོད་པར། ཁོ་བས་རྒྱ་མིའི་མི་སེར་གྱི་ལག་འཁྱེར་དགོས་ན་ཕེབས་བསུ་ཞུ་བ་མ་ཟད། ད་ལྟ་ལམ་སེང་ཐོངས་ཆེན་སྤྲོད་རྒྱུ་ཡིན། དེ་མིན་ཐོངས་ཆེན་སྤྲོད་ཐབས་མེད་ཅེས་བརྗོད་པས། ཁོང་གཉིས་ཀྱིས་ཉིན་དེ་ག་རང་ལྡི་ལིར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་བུད་མེད་ཀྱི་ ཚོགས་ཆེན་ཐེངས་བཞི་པ་གོ་སྒྲིག་པའི་མགྲོན་ཤོག་ལ་རྩིས་མེད་ཀྱིས་བོད་ཀྱི་བུད་མེད་འགོག་ཐབས་བྱས་པའི་ནག་ཉེས་ཐེར་འདོན་བྱས། དེ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་རྒྱ་གར་ནས་ཐད་ཀར་བསྐྱོད་ཐུབ་པ་མ་བྱུང་ཡང་།
ཕྱི་ལོ་༡༩༩༥ ཟླ་༨ ཚེས་༣༠ སྔོན་ཙམ་ནས་ཨ་རི་ནས་འཆི་མེད་དོན་ལྡན་དང་། གཡུ་སྒྲོན་དོན་ལྡན། ཕུན་ཚོགས་སྒྲོལ་མ། ཁེ་ན་ཌ་ནས་རྒྱལ་སྟོང་ཚེ་རིང་སྒྲོལ་མ་དང༌། ཁེ་རོལ་བསལ་གྲུབ། བསྟན་འཛིན་སྒྲོལ་དཀར་སྦྱིན་པ། ཨོ་སི་ཌོ་ལི་ཡ་ནས་སྐལ་བཟང་དབང་མོ་དང་རྡོ་རྗེ་སྒྲོལ་མ་ཁེ་རེལ། ནོར་ཝེ་ནས་མཚོ་མོ་རྣམ་རྒྱལ་བཅས་ན་ཚོད་བགྲེས་གཞོན་བར་གསུམ་བཅས་བོད་ཀྱི་བུད་མེད་དགུ་དང༌། བོད་དོན་རྒྱབ་སྐྱོར་བ་ཕྱི་རྒྱལ་གྱི་བུད་མེད་དྲུག་བཅས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་བུད་མེད་ཀྱི་མིང་ཐོག་ནས་པེ་ཅིང་དུ་བདེ་བར་བསྐྱོད་ཐུབ་པ་བྱུང་ཞིང་། དབུས་ཀྱི་གོ་སྒྲིག་དང་བཀོད་མངགས་ལྟར། རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་བཞི་པར་ཞུགས་ཐབས་མཛད་མཁན་བོད་དོན་རྒྱབ་ སྐྱོར་ཚོགས་པའི་ཕྱི་རྒྱལ་བུད་མེད་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་དང་། ཕྲེད་དར། འཁོར་ཐག བོད་ཀྱི་རྒྱལ་དར། རང་དབང་གི་འབོད་ཚིག་འཁོད་པའི་སྟོད་གོས་བཅས་འཁྱེར་རྒྱུ་དང༌། ཕན་ཚུན་ངོ་ཤེས་སླད་མི་རེ་ལ་བྲང་འདོགས་ཀྱི་རས་མཚོན་མི་འདྲ་བ་གཉིས་རེ་སྟ་ གོན་བྱས། བཙན་བྱོལ་བོད་ཀྱི་བུད་མེད་ཚོ་པེ་ཅིང་གྱི་གནམ་ཐང་དུ་འབྱོར་བ་དང་སྐོར་སྲུང་བའི་ལྟ་རྟོག་ནན་པོ་བྱས་འགོ་ཚུགས་འདུག
རང་རེའི་བུད་མེད་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་གྲས་སུ་དབྱིན་ལན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་བ་ལོ་ཡི་ས་འོ་དང་། ཨ་རི་ནས་ལིཛ་ཕེ་བྷེལ་དང ཊན་ཀི་ཌི་ཌེ་ཝེ་སི། རིཊ་བྷོ་རོ་ཌི། ཁེ་རོལ་བྷ་རཡི་ཊོན་ཊ་བཅས་ཡོད་འདུག་ལ། ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མན་ཊེ་ ལ་མཆོག་གི་སྐུ་ཟླ་ཝི་ནི་མན་ཌེ་ལ་མཆོག་ཕེབས་ཡོད། ༡༩༩༥ ཟླ་༩ ཚེས་༥ ཉིན་དེར་རྒྱལ་ཁབ་ ༡༨༠ ནས་གཞུང་འབྲེལ་སྐུ་ཚབ་དང་གཞུང་འབྲེལ་མིན་པའི་ཚོགས་བཅར་བ་༦༠༠ ཙམ་ཕེབས་པ་དང༌། གསར་འགོད་པ་ཉིས་སྟོང་ལྷག་འདུ་འཛོམས་བྱས་ཡོད། ཚོགས་འདུའི་རིང་བུད་མེད་ཐོག་དྲག་སྤྱོད་དང་། དབུལ་ཕོངས་ཀྱི་དཀའ་རྙོག་སོགས་ཀྱི་ཐད་ལས་རིམ་སྤེལ་ཕྱོགས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་ཡང་། རྒྱ་གཞུང་གིས་གང་ཞིག་བྱེད་ན་འགྲིག་པའི་གནས་ཚུལ་བཀག་རྒྱ་དང་ཚོད་འཛིན་ཤུགས་ཆེར་བྱས། སྐབས་དེར་རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་ཐེངས་བཞི་བ་(བུད་མེད་ཀྱི་གླེང་སྟེགས་) ཀྱི་འགན་འཛིན་ནས། རྒྱ་ནག་གི་བྱ་སྤྱོད་དེ་དག་ཆུ་ཚོད་༢༤ ནང་ཚུད་མཚམས་འཇོག་མ་བྱས་ན་ཚོགས་འདུ་སྒོ་རྒྱབ་རྒྱུ་ཡིན་སྐོར་མཐའ་ཚིག་བསྒྲགས་དགོས་བྱུང་འདུག
སྐབས་དེར་རྒྱ་གཞུང་གིས་ཚོགས་ཞུགས་འཐུས་མི་རྣམས་ལ་ལག་རྟགས་རས་དཀྲིས་ཤིག་སྤྲད་པ་དེ་བཙན་བྱོལ་བོད་ཀྱི་བུད་མེད་དགུ་བོས། རང་ཡུལ་དུ་སྨྲ་བརྗོད་ཀྱི་རང་དབང་མེད་པ་མཚོན་ཆེད་ཁ་རས་དཀྲིས་ཏེ་ངག་བཅད་ངོ་རྒོལ་གྱིས་རྔམ་སྟོན་བྱས། ཚོགས་བཅར་བ་བཅུ་ཕྲག་གིས་དྲག་ཆར་ཁྲོད་ཁོང་ཚོའི་མཐའ་བསྐོར་ཏེ་མགྲིན་དབྱངས་གཅིག་འགྱུར་གྱིས་ (རང་དབང་། རང་དབང་།) ཞེས་འབོད་ཚིག་བསྒྲགས། བུད་མེད་དུ་མས་(ང་ཚོ་རྣམ་པར་རྒྱལ་ངེས་)(we Shall overcome) ཞེས་པའི་རང་དབང་གྱི་གཞས་དེ་དབྱངས་རྟར་དྲངས། དེ་གར་སྐར་མ་༡༥ བསྡད་རྗེས་རྒྱ་ནག་ས་ཐོག་ཏུ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བཙན་བྱོལ་བུད་མེད་ཀྱི་ངོ་རྒོལ་དེ་མཇུག་སྒྲིལ་ནས་རུ་བསྟར་བསྒྲིགས་ཏེ་ཚོགས་ཆེན་གྱི་གུར་ཁང་དུ་ཕྱིར་ལོག་བྱས་ཡོད།
ཁོང་ཚོས་གསར་འགོད་ལྷན་ཚོགས་སྐོང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་ཀྱང་བཀྲམས་པ་བཞིན། ནོར་ཝེ་དང་སུའེ་ཌན་གྱི་ཚོགས་བཅར་བ་རྣམས་ཀྱི་རོགས་སྐྱོར་དང་ཌན་མག་གི་ཡར་རྒྱས་བློན་ཆེན་ཟུར་པ་ཧེལ་ལེ་ཌེ་གྷན་གྱིས་གཙོ་སྐྱོང་འོག་ཟླ་༩ ཚེས་༡༡ ཉིན་པེ་ཅིང་གི་ཤེ་ར་ཊོན་མགྲོན་ཁང་དུ་བཙན་བྱོལ་བོད་ཀྱི་བུད་མེད་དགུ་བས་རྒྱ་དམར་གྱི་བཀག་འགོག་ལ་མ་ལྟོས་པར་གསར་འགོད་ལྷན་ཚོགས་ཞིག་བསྐོངས་ཚོགས་བྱས། དེ་རྗེས་ཨ་རི་དང་ཁེ་ན་ཌ་སོགས་ནས་ཕེབས་པའི་བོད་པ་བུད་མེད་ཚོགས་བཅར་བ་དེ་དག་གླ་འཁོར་གཅིག་གི་ནང་སྲུང་སྐྱེལ་བྱེད་སྐབས་རྒྱ་དམར་གྱི་སྐོར་སྲུང་བ་སུམ་ཅུ་སོ་གྲངས་ཀྱིས་དཔར་རྒྱག་པ་དང་བརྙན་འཕྲིན་ཕབ་པ་ལ་སོགས་པའི་གཡས་གཡོན་ནས་འཇིགས་སྐུལ་སྣ་ཚོགས་ཀྱིས་དཀའ་ངལ་སྤྲད་ནས་འདི་ལས་ལྷག་པའི་འཇིགས་སྣང་ཞིག་ངའི་མི་ཚེའི་ནང་ད་བར་བྱུང་མ་མྱོང་། ཐ་ན་བདག་བུད་མེད་གཞན་དག་དཀྱིལ་དུ་བསྡད་ཡོད་ནའང་སྐོར་སྲུང་བས་ང་ལ་སྙོབ་ཆོག་ཆོག་འདུག་ཅེས་གསུང་སྐད་ཐོན།
གསར་འགོད་གསལ་བསྒྲགས་ཀྱི་ནང་སྙིང་དོན་གསུམ་ནི། དང་པོ། གཞིས་ལུས་བོད་ཀྱི་བུད་མེད་ཀྱི་སྐྱེ་སྒོ་རྩ་འགོག་དང་། སྦྲུམ་ལྡན་བུད་མེད་ཀྱི་མངལ་གྱི་ཕྲུ་གུ་གསོད་པ་དང་བཏོན་པ་བཅས་བོད་ཀྱི་བུད་མེད་ཀྱི་འཕྲོད་བསྟེན་ཧ་ཅང་ཐ་ཞན་ཡིན་པ། གཉིས་པ། བུད་མེད་འགའ་དོན་མེད་འཛིན་བཟུང་བྱས་ཏེ་བཙོན་ཁང་ནང་བཙན་གཡེམ་བྱེད་པ་སོགས་བུད་མེད་ལ་དམིགས་བསལ་མནར་གཅོད་གཏོང་བ། གསུམ་པ། བོད་ནང་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱེད་པ་དང༌། རྒྱལ་ཁབ་གཞན་གྱི་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་གཡུག་སྟེ་ཁོར་ཡུག་ཧ་ཅང་ཉམས་ཞན་གཏོང་གི་ཡོད་པ་བཅས་དོན་ཚན་གསུམ་གྱི་ཐོག་ནས་བསྒྲགས་གཏམ་སྤེལ།
གཞན་ཚོགས་འདུའི་རིང༌། ཁོང་ཚོས་ཚོགས་ཁང་ཞིག་ཏུ་བཙན་བྱོལ་ནང་གི་འབོད་སྒྲ་ཞེས་པའི་གློག་བརྙན་སྟོན་སྐབས། གློ་བུར་དུ་རྒྱ་མོ་ཞིག་གིས་འཁོར་ཐག་བཏོན་ནས་འཁྱེར་བས་ཕན་ཚུན་འཕྲོག་རེས་ཐུག་སྟེ། རང་ཕྱོགས་ཀྱི་བུད་མེད་རྣམས་ཕྱོགས་གཅིག་ཏུ་དཔུང་བསྒྲིལ་ནས་བསྡད་པས། འཁོར་ཐག་སྦས་མཁན་རྒྱ་མོ་དེ་ཐབས་ཤེས་ཟད་དེ་ཚུར་སྤྲད། གློག་བརྙན་བསྟན་ཚར་རྗེས་བོད་རང་དབང་དགོས་ཞེས་འབོད་ཚིག་ཡོད་པའི་སྟོད་གོས་དང་འཕྲེད་དར། འཁོར་ཐག ྋགོང་ས་མཆོག་གི་བཀའ་སློབ་དུ་མ་གང་འདོད་ལྟ་བུར་འགྲེམས་སྤེལ་བྱས། བོད་ཀྱི་བུད་མེད་ཚོགས་མི་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་རྣམས་ཀྱིས་ལས་འགུལ་སྔ་རྗེས་གང་སྤེལ་ཡང་། པར་ཆས་དང་སྒྲ་སྡུད་འཕྲུལ་འཁོར་བཟུང་བའི་རྒྱ་མི་འཕོན་ཆེ་མཐའ་བསྐོར་འཇིགས་སྐུལ་བྱས་པ་དང་རྩོད་གླེང་གིས་རྒྱ་ནག་གུང་ཕྲན་ཏང་གིས་འགོ་ཁྲིད་འོག་བོད་ལ་རང་དབང་དང་བདེ་སྐྱིད་ཡོད་ཚུལ་བཅས་བཤད། བཙན་བྱོལ་བུད་མེད་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་བུད་མེད་རྣམས་ལ་རྒྱ་གཞུང་གིས་དེ་ལྟ་བུ་སྡང་གཟུག་བྱས་པར་ཕྱི་རྒྱལ་བུད་མེད་དུ་མ་ཞིག་ཧང་སང་སྟེ། ཁོང་ཚོའི་ལས་འགུལ་ལ་མཉམ་བཞུགས་བྱས་ཏེ་ཚོགས་ཆེན་དེའི་སྐབས་བོད་ཀྱི་བུད་མེད་ཀྱི་བདེན་པའི་སྐད་སྒྲ་མཐོ་ཤོས་སུ་གྱུར་པའི་རླབས་ཆེན་གྱི་འབྲས་བུ་ཐོན་ཡོད།
ཕྱོགས་མཚུངས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་རྒྱ་གར་ནང་བོད་ཀྱི་བུད་མེད་ལ་རྒྱ་ནག་གཞུང་ཚབ་ཀྱི་ཐོངས་ཆན་ལག་འཁྱེར་མ་སྤྲད་པ། བོད་ཀྱི་གནད་དོན་བརྙན་འཕྲིན་འཁོར་ཐག་འཕྲོག་པ་དང༌། དེ་མིན་སོ་ཉུལ་གྱི་རྗེས་དེད། དངོས་སུ་སྡིགས་ར་བསྐུལ་བར་བརྟེན། བུད་མེད་ལྷན་ཚོགས་ཀྱི་ཕྱི་ནང་གསར་ཤོག་དང༌། རླུང་འཕྲིན། གནད་ཡོད་གཞུང་སྒེར་མི་སྣ་བཅས་གང་མང་ལ་ཚོགས་ཆེན་འདེའི་དམིགས་ཡུལ་དང་མི་བསྟུན་པ་མ་ཟད་རྒྱལ་སྤྱིའི་མང་ཚོགས་ཀྱི་སྨྲ་བརྗོད་ཀྱི་ཐོབ་ཐང་འཕྲོག་པ་དངོས་མཐོང་གི་གསལ་བསྒྲགས་མཐིལ་ཕྱིན་ཡོང་སླད། བཙན་བྱོལ་བོད་མི་ཡོངས་ཀྱི་གཞུང་སྒེར་སྡེ་ཚན་ཁག་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་ས་གཉིས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་བརྩི་མཐོང་ཞུ་མི་ཡོད་དོ་ཅོག་ལ་འབོད་བསྐུལ་ཞུས། ཟླ་༩ པའི་༢ ནས་༡༥ བར་ཟས་བཅད་ངོ་རྒོལ་ལ་སོགས་པའི་ལས་འགུལ་འདྲ་མིན་སྤེལ་ཡོད།
མཐར། པེ་ཅིང་དུ་གཞུང་འབྲེལ་ཚོགས་འདུའི་མཇུག་བསྡོམས་གྲོས་ཆོད་ཅིག་ནང༌། བོད་ཀྱི་བུད་མེད་དང་འབྲེལ་ཡོད་དོན་ཚན་གཉིས་ཀྱི་གྲོས་ཆོད་བཞག་པ་རེད། དང་པོ། རྒྱལ་ཁབ་གཞན་གྱི་བཙན་འོག་ཏུ་གནས་པའི་རྐྱེན་གྱིས་བུད་མེད་ལ་གནོད་འཚེ་ཚབས་ཆེན་ཡོང་གི་ཡོད་པ། འཛམ་གླིང་བུད་མེད་ཚོགས་ཆེན་གྱི་ཡིག་ཆའི་ནང་གཏན་འབེབས་བྱས་པ་དང༌། གཉིས་པ། བུད་མེད་ལ་ཕྲུ་གུ་མང་ཉུང་ཇི་ཙམ་སྐྱེས་དང༌། དུས་ཚོད་ག་དུས་སྐྱེས་ཀྱི་རང་དབང་ཐོབ་ཐང་གཙང་མ་བུད་མེད་སོ་སོར་ཡོད་པའི་གཏན་འབེབས་གནང་། དེ་བཞིན་དེའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་གྱི་གསུང་འཕྲིན་བསྩལ་གནང་ཡོད།
ད་དུང་གྲུབ་འབྲས་གཞན་ཞིག་ནི་པེ་ཅིང་གི་རྒྱལ་སྤྱིའི་བུད་མེད་ཚོགས་ཆེན་ནང་བོད་ཀྱི་བུད་མེད་ཀྱི་སྐུ་ཚབ་ཞུགས་ཐབས་ལ། རྒྱལ་ཁབ་མང་པོའི་གྲོས་ཚོགས་ནས་གླེང་སློང་ཤུགས་ཆེ་བྱུང་་བ་མ་ཟད། ལྷག་པར་དུ་ཡུ་རོབ་གྲོས་ཚོས་ཚོགས་ནས་དེའི་ཐད་སྔ་རྗེས་གྲོས་ཆོད་ཀྱང་བཞག་ཡོད། རྒྱ་ནག་གིས་ཚོགས་ཆེན་དེ་བཞིན་རྒྱ་ནག་ལ་སྙན་གྲགས་དང༌། དཔལ་འབྱོར་ཡོང་རྒྱུར་དམིགས་ཀྱང་དེ་ལས་ལྡོག་སྟེ། བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་མཁོ་བའི་བྱ་སྤྱོད་རྣམས་ཉིན་རེ་དངོས་མཚང་བརྡོལ་བའི་དུས་ཚོད་ཁྱད་པར་ཅན་ཞིག་ཆགས་ཡོད།
ཚོགས་ཆེན་སྐབས་སྔ་ཕྱིར་བུད་མེད་སྐུ་ཚབ་དགུ་བོས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དེ་དག་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ནང་སྤེལ་ཡོད། དཔེར་ན། The Washington post, The New York times, Women's feature service, The Earth Times, Terra Viva, The Edge, The Danish, BBC, CNN, Egyotain TV ལ་སོགས་པའི་རླུང་འཕྲིན་དང་བརྙན་འཕྲིན་གང་མང་སྟེང་ཁྱབ་བསྒྲགས་ཆེ་ཆེར་སོང་བ་ནི་ཅིས་ཀྱང་དགའ་གུས་འོས་པའི་གནས་སུ་མཆིས། གོང་གསལ་འབྲས་བུ་རྣམས་བུད་མེད་ལྷན་ཚོགས་ནས་ལས་འགུལ་ དེའི་ཐད་ཕྱི་ནང་གསང་གསུམ་ཐོག་པེ་ཅིང་དུ་ཚོགས་ཞུགས་ཐུབ་པའི་བོད་ཀྱི་བུད་མེད་དགུ་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས། སྐབས་དེའི་སྤྱི་ཁྱབ་རྒྱུན་ལས་ཚོའི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ། ཞེས་གསུངས་སོང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཟུར་ངག་དབང་ལྷ་མོ་ལགས་ནས་གསུང་བཤད་གནང་དོན་ལྟར་ན། ཁོང་མོ་སུད་སུ་གུང་སེང་ལ་ཡོད་སྐབས་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཡི་བུད་མེད་ལྷན་ཚོགས་ལ་མཉམ་ཞུགས་བྱས་པའི་གོ་སྐབས་ཐོབ་འདུག དེ་ནས་ཐེངས་རྗེས་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལྷན་ཚོགས་དེ་རྒྱ་ནག་ལ་འཚོགས་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་འདུག ཁོང་མོས་ལྷན་ཚོགས་དེའི་ཐོག་བུད་མེད་ལྷན་ཚོགས་དེ་རྒྱ་ནག་ནང་འཚོགས་རྒྱུ་མེད་གང་ཡིན་ཟེར་ན་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད། ལྷག་པར་དུ་བོད་ཀྱི་བུད་མེད་ལ་མནར་གཅོད་དང་བཙན་གཡེམ་བྱས་པ་སོགས་ཀྱི་སྐོར་གསལ་སྟོན་བྱས། དེ་ནས་རྒྱ་མིའི་སྐུ་ཚབ་ཚོས་བཙན་བྱོལ་ནང་ཡོད་པའི་བུད་མེད་ཚོ་ལྷན་ཚོགས་དེར་གདན་འདྲེན་ཞུ་རྒྱུའི་ཁས་ལེན། འོན་ཀྱང་། རྗེས་སུ་ཡིག་ཆ་འགྲིག་གི་མེད་པ་ཁ་གཡར་ནས་མཐོང་ཆེན་མ་སྤྲད་སོགས་ཀྱི་དངོས་བསམ་མྱོང་བ་འགྲེལ་བརྗོད་གནང་སོང་།
དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ལགས་ནས་བུད་མེད་ལྷན་ཚོགས་ཀྱི་མི་རབས་རྒན་པ་རྣམས་ཀྱིས་གོ་སྐབས་དང་ཐོབ་ཐང་རག་པར་སྒུག་མ་བསྡད་པ་གོ་སྐབས་དང་ཐོབ་ཐང་རྩོད་ནས་པེ་ཅིང་ལ་སླེབས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནི་རླབས་ཆེན་གྱི་བྱ་གཞག་རེད། དེ་དག་ནི་མི་རབས་གསར་པ་རྣམས་ཀྱིས་སློབ་སྦྱོང་བྱེད་དགོས་པ་ཞིག་རེད་ཅེས་སོགས་གསུངས་སོང་།