07
Sun, Dec
7 རྩོམ་གསར།

དབུས་གཙང་དང་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་གསར་པ་ཁག་ཅིག་གིས་གསར་འགོད་གསལ་བསྒྲགས་སྤེལ་སོང་།

དབུང་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚེ་རིང་མཐར་ཕྱིན་དང་། མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་ག་རྒྱ་ཆོས་སྐྱིད། དབུང་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་འབུམ་རམས་པ་བསོད་ནམས་སྟོབས་རྒྱལ། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༣ ཉིན། བཞུགས་སྒར་དྷ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ། དབུང་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚེ་རིང་མཐར་ཕྱིན་དང་། འབུམ་རམས་པ་བསོད་ནམས་སྟོབས་རྒྱལ། དེ་བཞིན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་ག་རྒྱ་ཆོས་སྐྱིད་བཅས་ནས། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་འོས་མིར་ལང་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་སོང་། གལ་སྲིད་ཁོ་ཚོ་སྤྱི་འཐུས་ཆགས་ན་ཆོལ་ཁ་དང་ལུང་ཚན་ལས་བོད་སྤྱི་པ་རྩ་བ་བཟུང་ནས་ལས་ཀ་བྱ་རྒྱུ་དང་། གཞོན་སྐྱེས་ཚོར་མིག་དཔེ་བཟང་པོ་སྟོན་རྒྱུ། དེ་བཞིན་བོད་དོན་འཐབ་རྩོད་ནང་ཆ་ཤས་མང་ཙམ་ལེན་རྒྱུའི་ཁས་ལེན་བྱས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༡༠ཿ༣༠ ཐོག བཞུགས་སྒར་དྷ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་དུ། དབུང་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚེ་རིང་མཐར་ཕྱིན་དང་། འབུམ་རམས་པ་བསོད་ནམས་སྟོབས་རྒྱལ། དེ་བཞིན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་ག་རྒྱ་ཆོས་སྐྱིད་བཅས་ནས། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་འོས་མིར་ལང་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་སོང་།

ཐོག་མར། དབུས་གཙང་སྤྱི་འཐུས་འོས་མི་འབུམ་རམས་པ་བསོད་ནམས་སྟོབས་རྒྱལ་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་དང་། ཁོང་སྤྱི་འཐུས་འོས་མི་ལངས་དགོས་པའི་དམིགས་ཡུལ་གསུམ་ཐོག་ནས་བརྗོད་དོན། དང་པོར་བོད་དོན་ནི་མི་རབས་རྒན་པ་ནས་མི་རབས་གསར་པས་རྣམ་དཔྱོད་དང་ལྡན་པའི་ཐོག་ནས་བོད་དོན་རྒྱུན་མཐུད་བྱ་རྒྱུ་ནི་མི་རབས་གཞོན་པ་རྣམས་ཀྱི་ལས་འགན་རེད། གཉིས་པ། ཆོལ་ཁ་དང་ལུང་ཚན་འཐེན་འཁྱེར་མེད་པ་བོད་སྤྱི་པར་བསམ་བློ་གཏོང་མཁན་ཞིག་བྱ་འདོད་ཡོད། གསུམ་པ། རང་ཉིད་ཉམས་ཞིབ་པ་ཞིག་ཡིན་པའི་ངོས་ནས་བོད་དོན་དང་བོད་ནང་གནས་སྟངས་སྐོར་ཤེས་ཀྱི་ཡོད་ཙམ་བོད་དོན་དྲིལ་བསྒྲགས་དང་ལས་འགུལ་མང་ཙམ་སྤེལ་ཐུབ་པའི་རེ་བ་བཅངས་ནས་སྤྱི་འཐུས་ལ་ལངས་པ་ཡིན། ཞེས་འགྲེལ་བརྗོད་གནང་སོང་། དེ་བཞིན་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་བོད་སྤྱི་པ་རྩ་བར་བཟུང་ནས་བོད་དོན་སྲི་ཞུ་སྒྲུབ་དགོས་པའི་སྐུལ་མ་བཏང་སོང་།

དེ་ནས་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་འོས་མི་ག་རྒྱ་ཆོས་སྐྱིད་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་དང་། ཁོང་མོ་སྤྱི་འཐུས་འོས་མིར་ལང་དགོས་པའི་འབོད་ཚིག་གསུམ་བསྒྲགས་སོང་། དང་པོ། བོད་མི་རིགས་ཀྱི་རྩ་བ་སྐད་དང་ཡི་གེ་ཡིན་པ་བཞིན་རང་ཉིད་བོད་ཀྱི་སྐད་ཡིག་ལ་ལོ་མང་རིང་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་གོ་རྟོགས་གཞིར་བཞག་ནས་བོད་ཀྱི་སྐད་ཡིག་ལ་ཤུགས་སྣོན་རྒྱག་ཐུབ་པའི་མ་ཟད། གཞོན་སྐྱེས་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་རྒྱལ་ཞེན་གྱི་བསམ་བློའི་ནུས་པ་དང་ཤེས་ཡོན་ཚད་མཐོར་གཏོང་ཐུབ་པའི་སྤོབས་ཡོད་སྐོར་དང་། གཉིས་པ། བོད་དོན་འཐབ་རྩོད་བྱེད་པར་ངེས་པར་དུ་རྒྱ་ནག་གི་ཆབ་སྲིད་ལ་དབྱེ་ཞིབ་བྱེད་རྒྱུར་གལ་ཆེན་ཡོད། དེར་བརྟེན་རྒྱ་ནག་གི་གནས་སྟངས་དང་ཆབ་སྲིད་འགྱུར་འགྲོས་ཤེས་དགོས་པར་སོང་། གུས་མོ་རྒྱ་སྐད་དང་རྒྱ་ཡིག་གི་ཤེས་ཚད་འདང་ངེས་དང་། རྒྱ་ནག་གི་ཆབ་སྲིད་ལ་དབྱེ་ཞིབ་བྱེད་པའི་ཆ་རྐྱེན་དང་ཉམས་མྱོང་ཡོད་སྐོར། གསུམ་པ། བོད་སྤྱི་པའི་འཐུས་མི་བྱས་ནས་བོད་ནང་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་ཐོག་གླེང་རྒྱུ་དང་དྲིལ་བསྒྲགས་བྱ་རྒྱུའི་ཡིན་སྐོར་སོགས་བརྗོད་སོང་། ཁོང་མོ་ནི་བོད་ནག་ཆུ་ཨ་མདོ་རྫོང་ནས་ཡིན་པ་དང་། བོད་ནང་ལྷ་ས་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་ཡོད་འདུག ཕྱི་ལོ་༢༠༠༩་ལོར་བཙན་བྱོལ་དུ་འབྱོར་ནས་ཤེས་རབ་དགའ་ཚལ་གླིང་དུ་སློབ་སྦྱོང་དང་ན་གཞོན་ཉམས་ཞིབ་ཚོགས་འདུ་སོགས་ཞུགས་མྱོང་ཡོད་འདུག

མཐའ་མར། དབུང་གཙང་ཆོལ་ཁའི་སྤྱི་འཐུས་འོས་མི་ཚེ་རིང་མཐར་ཕྱིན་ནས་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་འོས་མིར་ལངས་རྒྱུའི་གསར་འགོད་གསལ་བསྒྲགས་དང་། སྤྱི་འཐུས་འོས་མིར་ལང་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་སྐོར་ནས་བརྗོད་དོན། རང་ཉིད་མི་རབས་གཞོན་པ་ཞིག་ཡིན་པའི་ངོས་ནས་བོད་དོན་འཐབ་རྩོད་རྒྱུན་མཐུད་བྱ་རྒྱུ་ནི་ང་ཚོའི་འོས་འགན་རེད། དེར་བརྟེན་རང་ཉིད་དབུས་གཙང་ཆོལ་ཁའི་སྤྱི་འཐུས་འོས་མིར་ལངས་པ་ཡིན། དམིགས་བསལ་དེ་རིང་འདིར་གསར་འགོད་གསལ་བསྒྲགས་འཚོགས་དགོས་དོན་ནི། ༸གོང་ས་རྒྱལ་བ་རིན་པོ་ཆེའི་གནང་བཞག་པའི་དམངས་གཙོ་དེ་ཆ་ཤས་ལེན་རྒྱུ་དང་། འོས་བསྡུ་དེ་ཚབ་ཚབ་འོར་འོར་ཡོང་བའི་ཆེད་དུ་ཡིན། སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོ་སྤྱི་ཚོགས་ནང་དངོས་སུ་ཐོན་ནས་མི་མང་དང་མཉམ་དུ་དྲི་བ་དྲི་ལེན་ལམ་ནས་སྤྱི་འཐུས་འོས་མི་ཚོའི་སྐད་ཆ་ཤོད་སྟངས་དང་། བསམ་བློ་གཏོང་སྟངས། བོད་སྤྱི་པར་ཕན་པའི་ལས་དོན་བྱ་ཐུབ་མིན་སོགས་ཀྱི་སྐོར་ཤེས་རྟོགས་བྱས་པ་བརྒྱུད་ནས་འོས་འཕེན་པ་ཡིན་ན་སྤྱི་འཐུས་དེ་ཡིས་ཀྱང་མི་མང་ཁས་ལེན་བྱས་པ་ནང་བཞིན་ལས་ཀ་བྱ་རྒྱུ་རེད། འོན་ཀྱང་། དྲ་ཐོག་ནས་པར་རྫིག་པོ་ཞིག་དང་བློ་བཟུང་བའི་འགྲེལ་བཤད་བརྒྱབས་པ་དེ་ཁོ་ནར་ཡིད་ཆེས་བྱས་ནས་འོས་བླུགས་ན་རྗེས་སུ་སྤྱི་འཐུས་དེས་ལས་ཀ་ཡག་པོ་མ་བྱེད་ན་གང་ཡང་བྱ་རྒྱུ་ཡོད་མ་རེད། ཅེས་བརྗོད་སོང་། དེ་ནས་མི་རབས་གསར་པ་ཚོས་བོད་དོན་ཐོག་ནུས་ཤུགས་མང་ཙམ་སྟོན་རྒྱུ་དང་བོད་ཀྱི་འཐབ་རྩོད་ནང་ཆ་ཤས་མང་ཙམ་ལེན་ཐུབ་པའི་རེ་བ་ཞུས་སོང་།

སྤྱི་འཐུས་འོས་མི་རྣམ་གསུམ་གྱིས་བོད་སྤྱི་པ་གཙོ་བོ་འཛིན་རྒྱུ་དང་། རང་འགན་རང་གིས་ལེན་རྒྱུ། གཞོན་སྐྱེས་སམ་མི་རབས་གསར་པ་རྣམས་ཀྱིས་བོད་དོན་འཐབ་རྩོད་ནང་ནུས་ཤུགས་མང་ཙམ་སྟོན་དགོས་རྒྱུ། ༸གོང་ས་རྒྱལ་བ་རིན་པོ་ཆེའ་མཆོག་གི་གནང་བའི་དམངས་གཙོ་རྩ་ཆེན་པོ་དེ་ལག་བསྟར་ཡག་པོ་བྱ་རྒྱུ་དང་། མི་མང་དངོས་སུ་ཐུག་ནས་དྲི་བ་དྲི་ལན་ལམ་ནས་མི་མང་ཚོས་རང་ཉིད་ཀྱི་སྤྱི་འཐུས་འོས་མི་རྣམས་ག་འདྲ་ཡིན་མིན་དང་། ཁོ་ཡང་ན་མོ་གལ་སྲིད་སྤྱི་འཐུས་ཆགས་ན་བོད་སྤྱི་དོན་ལ་ཕན་པའི་ལས་ཀ་བྱེད་ཐུབ་མིན་སྐོར་ཤེས་བཅུག་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།