07
Tue, Dec

གསར་འགྱུར་གཞན།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༡་ཚེས་༣ཉིན། བཞུགས་སྒར་རྡ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ལི་ཐང་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་ནས། ༸གོང་ས་མཆོག་ལ་བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་རྗེས་དྲན་འཆི་མེད་བུམ་བཟང་གི་གསེར་གཟེངས་རྟགས་དང་། སྲིད་ཟུར་དང་བཀའ་ཟུར་རྣམས་ལ་ྋརྒྱལ་བའི་བཀའ་བཞིན་སྒྲུབ་བའི་རླབས་ཆེན་གྱི་སྐྱེས་བུའི་དངུལ་གྱི་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༩་དང་ཕྱེད་ཀའི་ཐོག སྲིད་ཟུར་འབུམ་རམས་པ་བློ་བཟང་སེངྒེ་ལགས་དང་ཕྱག་རོགས་བཀའ་བློན་ཟུར་པ་རྣམས་ལ་མི་མང་རྣམས་ཀྱིས་ཕེབས་བསུ་གནང་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གདན་འདྲེན་ཞུས་སོང་། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་སོང་། དེ་བཞིན། བོད་རྒྱལ་ཁབ་ཆེན་པོའི་དོན་དུ་སྐུ་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་སོང་།

དེའི་རྗེས། ལི་ཐང་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་བསོད་ནམས་ལགས་ཀྱིས་གཟེངས་རྟགས་ཚོགས་པའི་སྔ་ཕྱིའི་བྱུང་རིམ་ངོ་སྤྲོད་གནང་སོང་། དེ་ནས་དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟེན་ལགས་ཀྱིས་བོད་ཀྱི་བླ་ཆེན་ཁག་གི་གསུང་འཕྲིན་རྣམ་པའི་གསུང་འཕྲིན་སྒྲོག་སྦྱོར་གནང་རྗེས་གཞས་སྣ་འཁྲབ་སྟོན་གནང་སོང་།

དེ་ནས། སྤྱི་ཟུར་ལི་ཐང་ཨ་འབྲུག་རྟ་མགྲིན་ཆོས་སྐྱིད་ལགས་ཀྱིས་མདོ་ཁམས་ལི་ཐང་མི་མང་ཡོངས་ཀྱིས་སྐུ་ཚབ་གནང་སྟེ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་རྗེས་དྲན་འཆི་མེད་བུམ་བཟང་གི་གསེར་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་སོང་། དེའི་རྗེས། སྤྱི་ཟུར་རྡོ་རྗེ་དབང་འདུལ་ལགས་ཀྱིས་མདོ་ཁམས་ལི་ཐང་མི་མང་ཡོངས་ཀྱིས་སྐུ་ཚབ་གནང་སྟེ། སྲིད་ཟུར་འབུམ་རམས་པ་བློ་བཟང་སེངྒ་ལགས་ལ་༸རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རླབས་ཆེན་གྱི་སྐྱེས་བུའི་གསེར་གྱི་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་སོང་།

དེ་མཚུངས། ལི་ཐང་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་རིན་པོ་ཆེ་མཆོག་གིས་ཆོས་རིགས་བཀའ་ཟུར་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ནང་སྲིད་བཀའ་ཟུར་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱས་ལགས། དཔལ་འབྱོར་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་བཅས་ལ་༧རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རླབས་ཆེན་གྱི་སྐྱེས་བུའི་དངུལ་གྱི་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་སོང་། དེའི་རྗེས། ལི་ཐང་གཟེངས་རྟགས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་དགེ་བཤེས་བློ་བཟང་བསོད་ནམས་ལགས་ནས། ཤེས་རིག་བཀའ་ཟུར་དངོས་གྲུབ་ཚེ་རིང་ལགས་དང་། ཤེས་རིག་བཀའ་ཟུར་པདྨ་དབྱངས་ཅན་ལགས། བདེ་སྲུང་བཀའ་ཟུར་འཕགས་པ་ཚེ་རིང་ལགས། འཕྲོད་བསྟེན་བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་ལགས་བཅས་ལ་ྋརྒྱལ་བའི་བཀའ་བཞིན་སྒྲུབ་བའི་རླབས་ཆེན་གྱི་སྐྱེས་བུའི་དངུལ་གྱི་གཟེངས་རྟགས་ཞེས་པ་འབུལ་ལམ་ཞུས་སོང་།

དེ་ནས། སྤྱི་ཟུར་བློ་བཟང་གྲགས་པ་ལགས་ཀྱིས་མདོ་ཁམས་ལི་ཐང་པས་དགའ་ལྡན་ཕོ་བྲང་དང་རང་གཞུང་ལ་སྲི་ཞུ་རྣམ་དག་སྒྲུབ་པའི་ལོ་རྒྱུས་དང་། དྲུག་ཅུའི་ལོ་རྒྱུས་ཞེས་པའི་ཕྱག་དེབ་གཉིས་ཀྱི་སྐོར་སྔ་ཕྱིའི་བྱུང་བ་ངོ་སྤྲོད་མདོར་བསྡུས་གནང་རྗེས། སྲིད་ཟུར་འབུམ་རམས་པ་བློ་བཟང་སེངྒ་ལགས་ཀྱིས་མདོ་ཁམས་ལི་ཐང་པས་དགའ་ལྡན་ཕོ་བྲང་དང་རང་གཞུང་ལ་སྲི་ཞུ་རྣམ་དག་སྒྲུབ་ལོ་རྒྱུས་ཕྱག་དེབ་དང་། དྲུག་ཅུའི་ལོ་རྒྱུས་ཞེས་པའི་ཕྱག་དེབ་གཉིས་དབུ་འབྱེད་གནང་སོང་། དེ་བཞིན། སྲིད་ཟུར་ལགས་ཀྱིས་མདོ་སྔགས་རབ་འབྱམས་སྨྲ་བའི་དགེ་བཤེས་དང་དགེ་བཤེས་མ་དང་། སྲིད་སྐྱོང་དང་དགའ་ལྡན་ཕོ་བྲང་གཟེངས་རྟགས་བཞེས་མཁན་སློབ་ཕྲུག་རྩེ་ཕུད་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་སོང་།

དེ་ནས་རིམ་བཞིན་ཚ་བ་སྐྱིད་སྡུག་དང་། ཁྱུང་པོ་སྐྱིད་སྡུག མི་ཉག་སྐྱིད་སྡུག་བཅས་ནས་སྲིད་ཟུར་དང་བཀའ་ཟུར་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་སོང་།

དེ་ནས་སྲིད་ཟུར་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་༢༠༢༡་ཟླ་༥་ཚེས་༢༧་ཉིན། བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་ཚར་རྗེས། ༸གོང་ས་མཆོག་ལ་དྲ་ཐོག་ནས་མཇལ་ཁ་ཞུ་རྒྱུ་དང་བཀའ་སློབ་ཐོས་པའི་གོ་སྐབས་ཐོབ་པ་རེད། དངོས་གནས་སྐལ་བ་བཟང་པོ་རེད་བསམ་བྱུང་། རང་ཉིད་ནི་ཁྱིམ་ཚང་དཀྱིས་མ་ནས་སྐྱེས་པ་དང་འཚར་ལོངས་བྱུང་ནས་བོད་སྤྱི་པའི་རྩ་དོན་དོན་དུ་ཞབས་ཞུ་དང་། ༸གོང་ས་མཆོག་ལ་ཐུགས་ཕན་སོས་པའི་ལས་ཀ་ཕྲ་ལ་ཕྲན་བུ་བྱེད་ཐུབ་ན་བསམས་ནས་རེ་བ་བྱེད་མཁན་ཞིག་ཡིན། གཙོ་བོ་ཕ་དམ་པ་དང་ཨ་མ་ལགས་ཀྱིས་བསླབ་བྱ་ལ་བརྟེན་ནས་ཞབས་ཞུ་ཕྲ་ལ་ཕྲན་བུ་ཞུས་ཡོད་བསམས་ཀྱི་ཡོད། དེའི་ཐོག ༸གོང་ས་མཆོག་གིས་ང་ལ་ད་ལྟར་བར་ལས་ཀ་ཡག་པོ་བྱས་སོང་། མུ་མཐུད་ནས་སེམས་ཤུགས་ཡོད་པའི་ཐོག་ནས་དཀའ་ལས་རྒྱག་དགོས་རེད་གསུངས་དུས། ང་ལ་དེ་ལས་ལྷག་པར་ཐོབ་པ་དང་སྐལ་བ་བཟང་པོ་ཞིག་མེད་བསམས་པའི་ཚོར་བ་སླེབས་སོང་། དེ་རིང་ཡང་། བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པས་བཀའ་ཡིག་གནང་དུས། དངོས་གནས་དགའ་ཚོར་ཆེན་པོ་དང་སྐལ་བ་བཟང་པོ་བྱུང་སོང་བསམས་བྱུང་། གཙོ་བོ་བཀའ་བློན་ཕྱག་རོགས་རྣམ་པ་དང་། སྲི་ཞུ་བ་ལས་བྱེད་རྣམས། མི་མང་གིས་རྒྱབ་སྐྱོར་ལ་བརྟེན་ནས་ཕྲ་ལ་ཕྲན་བུ་གྲུབ་འབྲས་སྨིན་ཡོད་རྒྱུ་རེད། ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་ཚང་མར་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་རིང་ལི་ཐང་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གིས་བཀའ་ཤག་སྐབས་བཅོ་ལྔར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཚོགས་པ་རེད། དེའི་ཐོག་སྐད་ཆ་བཤད་ནས་ལོ་གཉིས་ཙམ་འགྲོ་བཞིན་ཡོད་རེད། ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་འདི་འདི་ལོའི་སྤྱི་ཟླ་༥་ནང་པའི་ནང་སྲིད་སྐྱོང་དང་བཀའ་བློན་གྱི་ལས་ཡུན་མ་རྫོགས་པའི་སྔོན་དུ་བྱེད་རྒྱུའི་འཆར་གཞི་བཏིངས་པ་རེད། འོན་ཀྱང་། ཏོག་དབྱིབས་ནད་དུག་རྐྱེན་བྱས་ནས་བྱུང་ཐུབ་ཡོད་མ་རེད། ངས་ཁོ་ཚོར་ཞུ་རྒྱུ་བྱུང་། བཀའ་ཤག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་། དེ་ལས་གལ་ཆེ་བ་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་རེད། ཁོང་ལ་བརྟན་བཞུགས་འབུལ་ཐུབ་ན་ཡག་པོ་ཡོད་རེད་ཞུ་རྒྱུ་བྱུང་། དེར་བརྟེན། ཆོས་བརྒྱུད་ཁག་གི་དགེ་བཤེས་ལྷ་རམས་པ་དང་དགེ་བཤེས་དགུ་བཅུ་ལྷག་གདན་འདྲེན་ཞུས་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་ཆེད་ཚེ་སྒྲུབ་ཉིན་བདུན་རིང་གསོག་སྒྲུབ་གནང་བ་རེད། ཅེས་བརྗོད་སོང་།

ང་ཚོས་༸གོང་ས་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་ཡོད་མ་རེད། བཀའ་དྲིན་རྗེས་དྲན་ཞུ་སྐབས། ཆོས་ཕྱོགས་ནས་ཚེ་སྒྲུབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་འཚོ་བའི་ཁྲོད་ང་ཚོས་ཁོང་གི་མཛད་རྗེས་དྲན་དགོས་པ་གལ་ཆེན་པོ་རེད། དེའི་ནང་ནས་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་རྟོགས་པ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་དག་ནི་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་རེད། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ཡིས་མི་སྒེར་དང་སྤྱི་ཚོགས། ཆོས་ལུགས། འཛམ་གླིང་སྤྱི་ཡོངས་ལ་ཕན་བྱེད་རེད། དེ་དག་ང་ཚོ་ཚང་མས་སློབ་སྦྱོང་དང་ཤེས་པ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེའི་སྔོན་བོད་ཀྱི་བརྙན་འཕྲིན་བརྒྱུད་ནས་སྐད་རིགས་སྣ་ཚོགས་ནང་དུ་མཁས་པ་བརྒྱ་ལྷག་གདན་འདྲེན་ཞུས་ནས་སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་གཏིང་ཟབ་བགྲོ་གླེང་གནང་ཡོད་རེད། དེ་དག་གཟིགས་གསན་གནང་ནས་སེམས་ལ་ཉར་རྒྱུ་དང་། དེ་བཞིན་སོ་སོའི་ཕྲུག་གུ་དང་། གཞོན་སྐྱེས་ལ་བསླབ་བྱ་རྒྱག་རྒྱུ་གལ་ཆེན་པོ་རེད། དེ་དག་གིས་རང་ཉིད་ལ་ཕན་པ་མ་ཟད་ནང་མིའང་ཕན་གྱི་རེད། དེ་དག་སེམས་ལ་ཉར་རོགས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་ཡང་སྲིད་ཟུར་ལགས་ནས་མ་འོངས་པའི་ཆ་གཞིའི་ཐོག་ནས་བརྗོད་དོན། རང་ཉིད་ལ་ཆ་བཞག་ན། འདི་ལོ་སྤྱི་ཟླ་༨་ཚེས་༡་ནས་སློབ་ཆེན་ཞིག་ཏུ་ཉམས་ཞིབ་པ་རྒས་པའི་གོ་གནས་ཐོབ་སོང་། དེ་ནས་ངས་ཉམས་ཞིབ་བྱས་ནས་བོད་པའི་མང་གཙོའི་ཐོག་དེབ་ཅིག་འབྲི་དགོས་བསམ་བསྡད་ཡོད། གང་ཡིན་ཟེར་ན་༸གོང་ས་མཆོག་གི་ཆོས་ཕྱོགས་དང་། ཁོར་ཡུག་དང་འཛམ་གླིང་གི་ཞི་བདེའི་ཐོག་ནས་མཛད་པ་འཕྲིན་ལས་རྒྱས་པོ་དང་། ༸གོང་ས་མཆོག་གི་མཚན་ཐོག་ནས་ཕྱག་དེབ་བརྒྱ་ལྷག་ལྗགས་རྩོམ་གནང་ཡོད་རེད། ༸གོང་ས་མཆོག་དང་འབྲེལ་བའི་ཕྱག་དེབ་བརྒྱ་ཕྲག་མང་པོ་ཡོད་རེད། འོན་ཀྱང་། བོད་པའི་མང་གཙོའི་ཐོག་བོད་པ་རང་གིས་བྲིས་བཞག་པ་ཧ་ལམ་མཐོང་རྒྱུ་མི་འདུག ང་ཚོའི་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་ནས་འགྲོ་བཞིན་ཡོད་ཀྱང་། ལོ་ངོ་ལྔ་བཅུ་དང་བརྒྱ་ཉིས་བརྒྱ་རྗེས་སུ། བོད་པའི་མང་གཙོ་ཇི་ལྟར་བྱུང་ཡོད་རེད་ཟེར་དུས། དེའི་ཐོག་ལྟ་བའི་དེབ་ཚད་ལྡན་ཞིག་དགོས་རེད། དེར་བརྟེན། རྒྱལ་སྤྱིའི་དཔེ་མཛོད་ཁང་གིས་ངོས་ལེན་ཡོད་པ་དེ་འདྲ་ཞིག་བྲིས་ཐུབ་ན་བསམས་བཞིན་ཡོད། ངས་ཡང་ཧ་ཅང་ཡག་པོ་ཞིག་འབྲི་རྒྱུ་ཡིན་ཟེར་གྱི་མེད། རང་ཉིད་འཇོན་ཚད་དཔག་ཚད་ཅིག་འབྲི་དགོས་བསམ་བཞིན་ཡོད། གཙོ་བོ་༸གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ཞིག་དང་༸གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོ་འཕེལ་རིམ་རྣམས་ལོ་རྒྱུས་ཐོག་ཏུ་འཁོད་ཐུབ་པ་བྱུང་ན་བསམ་བཞིན་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་གི་ལས་ཡུན་རྫོགས་རྗེས་སུ། བོད་དོན་ཐོག་མུ་མཐུད་ནས་ལས་ཀ་བྱེད་བཞིན་ཡོད། དེའི་སྔོན་རྒྱལ་སྤྱིའི་ཆོས་དད་རང་དབང་གི་བགྲོ་གླེང་ཆེན་པོའི་ནང་དུ་ཆ་ཤས་ལེན་པ་ཡིན། ཉེ་ཆར་༢༠༠༠་གླེང་སྟེགས་(Forum 2000)་ལའང་ཕྱིན་ནས་བོད་དོན་དང་རྒྱ་ནག་གི་སྐོར་སོགས་བཤད་པ་ཡིན། གཞན་ཡང་། སྤྱི་ཟླ་༡༡་ནང་དུ་ཁེ་ན་ཌ་ནང་དུ་རྒྱལ་ཁབ་༡༨༠་ལྷག་གི་སྐུ་ཚབ་ཕེབས་ནས་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་ཞིག་འཚོགས་ཀྱི་ཡོད་རེད། དེའི་ཐོག་ཏུ་བོད་ཀྱི་རྒྱལ་དར་གྱི་པར་བཏགས་ནས་ཕར་བཅར་རྒྱུ་ཡིན། ངས་བོད་དོན་འཐབ་རྩོད་ཐོག་མུ་མཐུད་ནས་ཤུགས་སྣོན་རྒྱག་གི་ཡོད། ཅེས་བརྗོད་སོང་། ང་ཚོ་བོད་མི་མི་རེ་ངོ་རེ་ནས་འགན་ཁུར་ནས་བོད་ཀྱི་རྩ་དོན་ཐོག་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༸གོང་ས་མཆོག་སྐུ་ལྷོད་ལྷོད་བྱས་ནས་ངལ་གསོ་ག་ཚོད་རྒྱག་ཐུབ་པ་ཡིན་ན། སྐུ་ཚེ་ཡུན་རིང་གནས་པར་ཕན་ཐོགས་ཀྱི་རེད། ༸གོང་ས་མཆོག་སྐུ་ཚེ་ཡུན་རིང་པོ་གནས་ན་བོད་ནང་གི་བོད་མི་ཚོའང་རེ་བ་དང་སེམས་ཤུགས་མ་མཐུད་ནས་གནས་ཀྱི་རེད། ༸གོང་ས་མཆོག་གིས་ལོ་ངོ་བདུན་ཅུ་ལྷག་ལ་སྐུ་ལས་བསྐྱོན་པ་རེད། ད་ལྟར་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་པའི་དུས་ལ་སླེབས་ཡོད་རེད། དེ་སྔོན་ཡང་༸གོང་ས་མཆོག་གིས་སེམས་ཤུགས་བསྐྱེད་ནས་བོད་དོན་ཐོག་དཀའ་ལས་རྒྱག་ཤོག་གསུངས་སོང་། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་མུ་མཐུད་ནས་དཀའ་ལས་རྒྱག་གི་ཡིན། ཞེས་གསུངས་སོང་།

མཐའ་མར། ལི་ཐང་གཟེངས་རྟགས་གོ་སྒྲིག་ཚོགས་པའི་ཚོགས་གཞོན་སྐུ་སྤྲུལ་འཇམ་དབྱངས་ཡོན་ཏན་རིན་པོ་ཆེ་མཆོག་གིས་་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་སོང་།

གཞན་ཡང་། ཕྱི་ལོ་༢༠༢༡་ཟླ་༡༡་ཚེས་༥་ཉིན། རྒྱ་གར་རྒྱལ་ས་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་ཚོགས་པ་སྐྱིད་སྡུག་དང་མང་ཚོགས་ཀུན་ནས་སྲིད་ཟུར་ བློ་བཟང་སེངྒ་ལགས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་ཞིག་ཚོགས་ནས་ཁོང་ལ་གསེར་གྱི་རྟགས་མ་ཕུལ་ཡོད་འདུག

དེ་བཞིན། ཕྱི་ལོ་༢༠༢༡་ཟླ་༡༡་ཚེས་༦ཉིན། ཨ་རིའི་ས་གནས་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་ཚོམས་ཆེན་ནང་དུ། སྲིད་ཟུར་བློ་བཟང་སེངྒེ་ལགས་ལ་འབའ་སྡེ་མངའ་རིས་ཞིང་ཁམས་སེར་སྐྱ་མི་མང་ཐུན་མོང་ནས་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འབུལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།

དེ་མཚུངས། ཨ་རི་དང་། སྦེལ་ཇམ། སུད་སུ་དང་རྒྱ་གར་སོགས་སུ་སྲིད་ཟུར་བློ་བཟང་སེངྒེ་ལགས་དང་བཀའ་བློན་རྣམ་པར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཚོགས་ཡོད་པ་རེད།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།