30
Wed, Nov

་ལོ་༢༠༢༢ ལོའི་ཟླ་༡༠ ཚེས་༡༧ཉིན། རྡ་སའི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཀྱི་པར།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༢ ལོའི་ཟླ་༡༠ ཚེས་༡༧ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དེ་རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ཐེངས་༢༠ པ་ཚོགས་བཞིན་ཡོད་པ་དང་བསྟུན་ནས། རྡ་སའི་ཁུལ་གྱི་སློབ་ཕྲུག་དང་། བཙུན་མ། གྲྭ་པ། མི་སྐྱ་སོགས་ཀྱིས་བཞུགས་སྒར་མེག་གྷན་ནས་རྡ་ཤོད་ཀཱ་ཅ་རི་བར་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། གོང་ཚེས་ཉིན། བོད་ཀྱི་དབུས་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྡ་སའི་མི་མང་དང་སློབ་ཕྲུག གྲྭ་བཙུན་རྣམས་ཀྱིས་རྒྱ་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་བཟོ་བཞིན་པ། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་བྱུས་ཁ་ལ་འཁྱེར་ནས་བོད་མི་རྣམས་ལ་སྡུག་པོ་གཏོང་བཞིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་འདི་དང་འབྲེལ་བའི་ཐོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ་གསལ་དོན། དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་༢༠༢༢ ཟླ ༡༠ ཚེས་༡༦ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཚོགས་ཆེན་ཐེངས་༢༠ པ་དེ་བཞིན་རྒྱལ་ས་པེ་ཅིང་དུ་འགོ་འཛུགས་ཉིན་མོ་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་ཚོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་གོམ་བགྲོད་ལས་འགུལ་སྤེལ་ཏེ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ་ནས་བཟུང་ད་བར་མི་ལོ་༦༠ ལྷག་རིང་བོད་ནང་གི་བོད་མི་ཚོར་བཙན་མནོན་དམ་དྲག་ལོ་རེ་ནས་ལོ་རེར་ཇེ་སྡུག་ཇེ་ཞན་དང་། ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཟུང་བཙོན་འཇུག དེ་བཞིན་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཁོར་ཡུག་དང་བཅས་པ་དངོས་ཤུགས་རྒྱུད་གསུམ་ནས་རྩ་གཏོར་གཏོང་གང་ཐུབ་བྱེད་མུས་ཡིན་པར་ངོ་རྒོལ་སྐད་འབོད་བྱ་རྒྱུ་མ་ཟད།

དམིགས་བསལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མི་གཅིག་དབང་འཛིན་གྱིས་འཛིན་སྐྱོང་འོག་བོད་མིའི་ངོ་བོ་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གཙོས་པའི་ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོ་རྒྱུར་དམིགས་ཏེ། ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་གྲྭ་ཚང་ཁག་གི་རྟེན་དང་བརྟེན་པ་བཅས་གཏོར་བཅོམ་ཤུལ་མེད་བཟོ་ཐབས་ཀྱི་ལས་འགུལ་སྣ་ཚོགས་བརྩམས་པ་དང་། བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་མཚོན་པའི་ཐུན་མིན་ཤེས་རིག་དང་། གོམས་གཤིས་སོགས་བརྗེ་སྒྱུར་གྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་ཐབས་བྱས་དང་བྱེད་མུས་ཀྱི་བཟོད་ཐབས་བྲལ་བའི་ཛ་དྲག་གི་གནས་སྟངས་ལ་བོད་མི་རྣམས་འུ་ཐུག་བཟོད་བྲལ་གྱིས་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་གྲངས་༡༦༩ ཙམ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད།

ལྷག་པར་རྒྱ་དམར་སྲིད་གཞུང་གི་རྒྱལ་ཡོངས་ཚོགས་ཆེན་ཐེངས་༢༠ པ་དེ་བཞིན་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་གཞུང་གིས་བོད་མིའི་རིགས་རྫས་(DNA) ཞེས་པ་བཙན་དབང་གིས་མཁོ་སྒྲུབ་བྱས་ཏེ་གསང་བའི་ལྟ་སྲུང་། དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བྱས་པའི་གྲོང་དང་གྲོང་ཁྱེར་ཁག་ནང་རྒྱ་ནད་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་བྱུང་ནས་ཧ་ཅང་ཛ་དྲག་གི་གནས་སུ་ལྷུངས་ཡོད་ཀྱང་རྒྱ་དམར་སྲིད་གཞུང་ནས་༼ནད་དུག་གཙང་སེལ།༽ཞེས་པའི་སྲིད་བྱུས་ལ་ཁ་གཡར་ཏེ་བོད་མི་མང་ཚོགས་ལ་འཚོ་སྣོན་རོགས་རམ་དང་། རིམ་ནད་འགོག་སྲུང་ཡོ་ཆས། སྨན་སྦྱོར་དུག་སེལ་སོགས་མཁོ་སྤྲོད་བྱ་རྒྱུ་ཕར་བཞག་དེ་ལས་ལྡོག་སྟེ་བོད་མི་རྣམས་བཙོན་པ་བཞིན་ཁྱིམ་བསྡོད་བཙན་བཀག་གིས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་གང་སར་འཛིན་བཟུང་བཙན་ཁྲིད་དང་། ཁྲིམས་འགལ་ཉེས་འཛུགས་ཀྱིས་རྡུང་རྡེག་ཚ་ནན་གཏོང་བཞིན་ཡོད་པ་སོགས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ཀར་དཀའ་སྡུག་ཚད་ལས་བརྒལ་བ་སྤྲད་དང་སྤྲོད་བཞིན་ཡོད་པར་སོང་། བོད་མི་མང་དག་ཅིག་ནས་འུ་ཐུག་བཟོད་བྲལ་གྱིས་རང་ཤི་རྒྱག་དགོས་པའི་ཡ་ང་བའི་གནས་སྟངས་ཀྱང་བྱུང་ཡོད་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་ལས་རྒྱུ་འབྲས་དང་། ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་བྱེད་སྟངས་དེར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག འཕྲོད་བསྟེན་ཚན་པ་ཁག་བཅས་ནས་ཀྱང་བོད་ཀྱི་རང་བྱུང་ཁོར་ཡུག་དང་། བོད་མི་ཚོའི་དཀའ་སྡུག་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་རྟོག་ཞིབ་དང་འགན་འཁུར་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་ཞུ་བཞིན་ཡོད། ཅེས་འཁོད་འདུག

རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདི་ནི་སློབ་ཕྲུག་དང་། བཙུན་མ། གྲྭ་པ། མི་སྐྱ་སོགས་ཀྱིས་བཞུགས་སྒར་མེག་གྷན་ནས་རྡ་ཤོད་ཀཱ་ཅ་རི་བར་བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ཀྱི་ཆོས་དང་སྐད་ཡིག་སྲུང་སྐྱོབ་དགོས་སོགས་ཀྱི་སྐད་འབོད་གནང་ནས་ཞི་བའི་གོམ་བགྲོད་ལམ་ནས་ལས་འགུལ་སྤེལ་སོང་།

བོད་ཀྱི་ལོ་རྒྱུས་ཡིག་ཆ།