07
Tue, Dec

རྡ་སར་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྐོར་གོ་རྟོགས་ཀྱི་ལས་འགུལ་སྤེལ་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༢༢ཉིན། རྡ་སར་བོད་ཀྱི་ཚོགས་པ་དྲུག་གིས་འཚོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༦ (COP26)་ཐོག བོད་ཀྱི་ཁོར་ཡུག་འཛམ་གླིང་ལ་གལ་ཆེ་སྐོར་ངོས་འཛིན་དགོས་པ་དང་། འཛམ་གླིང་གི་ཁོར་ཡུག་སྐོར་གླེང་སློང་གནང་སྐབས་བོད་ཀྱི་ཁོར་ཡུག་གཙོ་བར་འཛིན་དགོས་པའི་ལས་འགུལ་ཞིག་སྤེལ་སོང་།

དེ་ཡང་། བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཁོར་ཡུག་སྡེ་ཚན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ ཚོགས་པ་བདུན་ཐུན་མོང་ནས་འཛམ་གླིང་ས་ཕྱོགས་གང་སའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གོ་ལའི་གནམ་གཤིས་ཚབས་ཆེའི་འགྱུར་བ་འགོག་པའི་ལས་འགུལ་དང་། ཕྱི་ལོ་༢༠༢༡ ཟླ ༡༠ ཚེས་ ༣༡ ནས་ ཟླ་ ༡༡ ཚེས་ ༡༢ བར། ཨིན་ཡུལ་གྱི་གྲོང་ཁྱེར་གྷ་ལ་སི་ཀོ་དུ་འཚོགས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་༢༦ (COP26)་ཐོག བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཐོག་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་སོང་།

སྐབས་དེར། ལས་འགུལ་བ་ཚོས་ལག་ཏུ་བཟུང་ཡོད་པའི་འཕྲེལ་དར་ཐོག་ཏུ། སའི་གོ་ལ་ང་ཚོའི་ཁྱིམ་ཡིན། བོད་མཐོ་སྒང་སའི་གོ་ལའི་ཡང་རྩེ་ཡིན། འཛམ་གླིང་བདེ་འཇགས་མེད་ན་ང་ཚོ་སུའང་བདེ་འཇགས་མེད། གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མའི་འགན་ཡིན། བོད་ཀྱི་ཆུ་བོ་ནི་ཨེ་ཤེ་ཡའི་སྲོག་རྩ་ཡིན། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གི་གོད་ཆགས་སོགས་ཀྱི་བྲིས་འདུག

བོད་མི་དང་། ལྷག་པར་དུ་བོད་ཀྱི་འབྲོག་པ་ས་ཡ་གཉིས་ཙམ་ལ་འཚོ་གནས་རང་དབང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས་པ་དང་། བོད་དང་བོད་ཀྱི་ཆུའི་འབྱུང་ཁུངས་ལ་བརྟེན་ནས་འཚོ་བའི་རྒྱལ་ཁབ་རྣམས་ཀྱིས་མཉམ་རུབ་ཐོག་ནས་གནམ་གཤིས་འགྱུར་ལྡོག་འགོག་ཐབས་བྱེད་ཐུབ་པ་བྱ་དགོས་ཞེས་ཁོ་ཚོའི་བསྒྲགས་གཏམ་ནང་དུ་བཀོད་འདུག

བོད་མི་རྣམས་ནས་རྒྱལ་སྤྱིའི་ཐོག་བོད་མཐོ་སྒང་དེ་ཡུན་རིང་སྲུང་སྐྱོབ་དང་གཅེས་སྐྱོང་གི་གལ་གནད་ཐབས་ལམ་རྣམས་གྲོལ་མོལ་གྱི་བརྗོད་ གཞིར་ངེས་པར་ཚུད་ཐུབ་པ་བྱེད་དགོས། རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་པའི་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་ཐད་དམ་དྲག་ཤུགས་ཆེན་ཡོད་པར་བརྟེན། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གླེང་སློང་བྱེད་སྐབས་བོད་མི་རྣམས་ཀྱི་བསམ་ཚུལ་ཤོད་དབང་མེད་སྟབས། བསམ་ཚུལ་དེ་དག་སླེབས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེར་མ་ཟད། ཉམས་ཆག་འགྲོ་སླ་བའི་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ ཡུག་དང་། ཆུའི་འབྱུང་ཁུངས། ཚད་ལས་བརྒལ་བའི་གཏོར་སྐྱོན་གྱི་རིགས་རྣམས་འཕྲལ་མར་མཚམས་འཇོག་བྱ་དགོས་ཞེས་བཀོད་འདུག

བོད་ཀྱི་བུད་མེད་ཚོགས་པའི་དབང་མོ་ལགས་ཀྱིས་བརྗོད་དོན། བོད་ཀྱི་གནམ་གཤིས་འགྱུར་ལྡོག་གི་གོད་ཆག་འདི་བོད་ཀྱི་གནད་དོན་ཙམ་མ་ཡིན་པར་རྒྱལ་སྤྱིའི་གནད་དོན་ཞིག་ཡིན། བྱས་ཙང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱལ་སྤྱིའི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་དེར་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་བཞིན་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།