26
Tue, Oct

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༣ཉིན། རྒྱ་གཞུང་གིས་ཡང་བསྐྱར་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་དགོན་དང་ཡུལ་ནས་བོད་མི་བརྒྱད་འཛིན་བཟུང་བཙན་ཁྲིད་བྱས་འདུག ས་གནས་ཉེན་རྟོག་པས་ཁོང་ཚོའི་གྲྭ་ཤག་བསྔོག་བཤེར་བཏང་རྗེས་འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་། འདི་གའི་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༣ཉིན། རྫ་སྟོད་ཉེན་རྟོག་པས་སླར་ཡང་དགེ་འདུན་པ་དྲུག་དང་བུད་མེད་གཉིས་བཅས་ཁྱོན་བོད་མི་དྲུག་འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཡོད་འདུག དང་ཐོག་དགེ་འདུན་པ་དེ་ཚོ་རྒྱ་མིའི་སྲིད་གཞུང་གི་ལས་ཁུངས་ལ་སྐད་བཏང་ཡོད་པ་དང་། དེ་ནས་ཉེན་རྟོག་པ་ལྔ་དྲུག་གིས་དགེ་འདུན་པ་རེ་རེ་ཡང་བསྐྱར་རང་ཉིད་ཀྱི་གྲྭ་ཤག་ཏུ་ཁྲིད་ནས་སྔོག་བཤེར་བཏང་རྗེས། དགེ་འདུན་པ་དེ་ཚོ་འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་དུ་ཁྲིད་ཡོད་འདུག 

དགེ་འདུན་པ་འདི་ཚོ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་རྒྱ་གཞུང་གི་ཉེན་རྟོག་པས་བཤད་མེད་ཀྱང་། དེའི་ཐོག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། རྒྱ་ནག་གིས་བོད་ནང་སློབ་གྲྭ་ཁག་གི་སློབ་ཚན་ནང་དུ་བོད་ཡིག་གི་སློབ་ཚན་ཉུང་རུ་བཏང་དང་གཏོང་བཞིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རེད། དེར་བརྟེན། དྭང་བླངས་ཐོག་ནས་བོད་ཡིག་བོད་སྐད་སློབ་མཁན་ཧ་ཅང་མང་པོ་ཡོད་རེད། རྫ་དབོན་པོའི་དགོན་པ་དང་དབོན་པོ་ཡུལ་ཚོ་ལའང་དྭང་བླངས་ཐོག་ནས་མང་ཚོགས་ལ་བོད་ཡིག་སློབ་པའི་ལས་གཞི་ཞིག་བཙུགས་ནས་ལོ་མང་པོ་ཕྱིན་འདུག དེ་བཞིན་ཕ་སྐད་སྲུང་སྐྱོབ་ཚོགས་པ་ཞེས་པའི་བོད་སྐད་ཡིག་སྲུང་སྐྱོབ་བྱས་པའི་ཚོགས་པ་ཞིག་ཡོད་འདུག ཁ་སང་འཛིན་བཟུང་བྱས་པའི་མི་སྣ་མང་པོ་ཞིག་གོང་གི་ལས་གཞི་དེ་དང་ཚོགས་པ་དེའི་ཚོགས་མི་ཡིན་འདུག ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་ནས་གསུང་དོན། རྒྱ་ནག་གི་སྲིད་བྱུས་ནང་དུ་བོད་སྐད་ཡིག་སློབ་ཚན་ཉུང་དུ་གཏོང་རྒྱུ་དང་། བོད་སྐད་ཡིག་ཐོག་ལས་འགུལ་སྤེལ་མཁན་ཚོར་དམ་དྲག་་བྱ་རྒྱུ་ཡིན་པའི་སྐད་ཆ་དེ་འདྲ་གོ་རྒྱུ་འདུག ཅེས་བརྗོད་འདུག

འདི་ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ནས་ཉེར་དགུ་བར། རྒྱ་གཞུང་གིས་བོད་ཁམས་སེར་ཤུལ་རྫ་སྨད་དབོན་པོ་སྡེ་བ་དང་དགོན་པར་༸གོང་ས་མཆོག་གི་སྐུ་པར་བཤམས་ཡོད་མེད་དང་། ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཡོད་མེད་ཀྱི་རྟོག་ཞིབ་མུ་མཐུད་ནས་བྱས་ཏེ་དམ་དྲག་བྱས་ནས་ཁྱོན་བོད་མི་༡༡༣་འཛིན་བཟུང་བྱས་འདུག དེ་ནས་ཟླ་དགུ་པའི་ཚེས་༣ཉིན། སླར་ཡང་རྒྱ་གཞུང་གིས་དབོན་པོ་ཡུལ་དང་དགོན་ནས་བོད་མི་བརྒྱད་འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་དུ་བཀག་ཉར་བྱས་ཡོད། ཟླ་བརྒྱད་པའི་ཟླ་མཇུག་ནས་དགུ་པའི་ཟླ་འགོ་བར་ཁྱོན་བོད་མི་༡༢༡་འཛིན་བཟུང་བཀག་ཉར་བྱས་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།