02
Thu, Apr

༢༠༢༠་ལོའི་ཟླ་༢་ཚེས་༤་ཉིན། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་འབྲས་ནད་གོ་རྟོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་སྐབས། པར། དབྱངས་ཅན་སྒྲོལ་མ།

བོད་དོན་གསར་འགྱུར།
Typography

༢༠༢༠་ལོའི་ཟླ་༢་ཚེས་༤་ཉིན། བཞུགས་སྒར་རྡ་ས་མཱར་ལཱོག་སྤྱི་ཐང་དུ། བོད་ཀྱི་འབྲས་ནད་ཚོགས་པས་གོ་སྒྲིག་འོག འཛམ་གླིང་འབྲས་ནད་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འབྲས་ནད་ནད་པ་མང་དུ་འགྲོ་བཞིན་ཡོད་པ་དང་། དེར་སྔོན་འགོག་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་སོང་།

དེ་ཡང་། ཟླ་༢་ཚེས་༤་ཉིན་ནི། འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་འབྲས་ནད་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། དེ་ནི་འབྲས་ནད་རྐྱེན་གྱིས་འདས་གྲོངས་ཕྱིན་པ་རྣམས་ལ་རྗེས་དྲན་དང་། འབྲས་ནད་ཐོག་མི་མང་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་འདུག བོད་ཀྱི་འབྲས་ནད་ཚོགས་པ་ནི་རྒྱལ་སྤྱིའི་འབྲས་ནད་ཚོགས་པའི་ཚོགས་མི་ཡིན་པ་དང་། དེང་སང་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འབྲས་ནད་ན་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་སྔོན་འགོག་དང་གོ་རྟོགས་བཅས་ཀྱི་ཐོག་ལས་འགུལ་སྤེལ་སོང་།

དང་ཐོག འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལས་འགུལ་དེ་དབུ་འབྱེད་གནང་རྗེས། འབྲས་ནད་འགོག་ཐབས་ཀྱི་དར་དཔྱངས་ཐོག་མཚན་རྟགས། དེ་ནས་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་རྣམ་པས་མཚན་རྟགས་བརྒྱབ་གནང་སོང་། དེའི་རྗེས་མི་མང་ལ་འབྲས་ནད་ཀྱི་སྐོར་གོ་རྟོགས་སྤེལ་སོང་།

དེ་ནས། བོད་ཀྱི་འབྲས་ནད་ཚོགས་པའི་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལགས་ལ་ལས་འགུལ་འདིའི་སྐོར་བཅར་འདྲི་ཞུ་སྐབས་ཁོང་གིས་ངོ་སྤྲོད་གནང་དོན། ཉིན་མོ་འདི་སྲུང་བརྩི་བྱེད་དགོས་དོན་ནི། འབྲས་ནད་ན་ནས་གྲོངས་པའི་མི་རྣམས་རྗེས་དྲན་དང་། ན་བཞིན་པའི་མི་རྣམས་ལ་སེམས་ཤུགས་སྤེལ་ཆེད་དུ་ཡིན། ད་ལྟའི་ཆར། འབྲས་ནད་རྐྱེན་གྱིས་འཛམ་གླིང་ནང་གི་མི་འདས་གྲོངས་སུ་ཕྱིན་མཁན་མང་ཤོས་གཉིས་པ་དེ་རེད། རྗེས་སུ་འབྲས་ནད་རྐྱེན་གྱིས་འདས་གྲོངས་འགྲོ་མཁན་ཨང་དང་པོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་མཁས་པ་ཚོས་བརྗོད་ཡོད། དེར་བརྟེན། འབྲས་ནད་ཐོག་མཁས་པ་གདན་འདྲེན་ཞུས་ནས་མི་མང་ལ་སྔོན་འགོག་དང་གོ་རྟོགས་སྤེལ་བཞིན་ཡོད། འབྲས་ནད་རིམ་པ་དང་པོ་དང་གཉིས་པ་ན་མཁན་ནི་མང་ཆེ་བ་དྲག་བསྐྱེད་ཡོང་ཐུབ་ཀྱི་ཡོད། མི་མང་ཚོས་སྔ་ཙམ་ལ་བརྟག་དཔྱད་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་བྱས་སོང་།

བོད་པ་ཚོས་གཞན་ལ་མི་བཤད་པ་དང་གོ་རྟོགས་མེད་པའི་རྐྱེན་གྱིས་མང་པོ་ཞིག་འབྲས་ནད་ན་ནས་གྲོངས་ཀྱི་ཡོད། དེར་བརྟེན། འབྲས་ནད་ན་མཁན་ཚོས་སྨན་པ་ཁ་ཤས་ལ་སྟོན་དགོས་པ་དང་། བོད་ཀྱི་འབྲས་ནད་ཚོགས་པ་ལ་འབྲེལ་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོས་དཔལ་འབྱོར་དང་སེམས་ཁམས་གཉིས་ཀྱི་ཐོག་ནས་རོགས་རོམ་གང་ཐུབ་ཀྱི་ཡོད། བོད་ཀྱི་འབྲས་ནད་ཚོགས་པ་དང་ལྡི་ལིར་ཡོད་པའི་གཞུང་གི་སྨན་ཁང་ཁག་དང་འབྲེལ་བ་བྱས་ནས། བོད་པ་འབྲས་ནད་ན་མཁན་ཚོར་རྫས་འགྱུར་བཅོས་ཐབས་(Chemotherapy)་དང་སྨན་རིན་མེད་ཐོག་ནས་སྤྲོད་ཀྱི་ཡོད། གཞན་གཤག་བཅོས་ཁ་ཤས་རིན་གོང་དམའ་བོའི་ཐོག་ནས་གཏོང་གི་ཡོད། ཅེས་བརྗོད་སོང་།

ང་ཡིན། ངས་བྱེད་ཐུབ་ཀྱི་ཡོད།(I am and I will) ཅེས་པའི་བརྗོད་གཞི་ནི། འཛམ་གླིང་འབྲས་ནད་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཚོགས་པ་དང་མི་གཞན་གྱིས་འབྲས་ནད་དེར་གདོང་ལེན་བྱེད་པ་གཅིག་པོ་མིན་པ། སྒེར་སོ་སོ་ནས་སྔོན་འགོག་དང་གོ་རྟོགས་སྤེལ་རེ་བྱེད་རྒྱུ་བཅས་ཀྱི་ཐོག་འགན་ཁུར་རྒྱུ་ཡིན། ཞེས་པ་དེ་རེད་ཅེས་བརྗོད་སོང་།

བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འབྲས་ནད་ནད་པ་མང་དུ་འགྲོ་ཡི་ཡོད་མེད་ཐོག་འདྲི་སྐབས། རྡོ་རྗེ་ལགས་ཀྱིས་བརྗོད་དོན། བོད་པའི་སྤྱི་ཚོགས་ཀྱི་ནང་དུ་འབྲས་ནད་ན་མཁན་མང་དུ་ཕྱིན་ཡོད། ནད་པ་གཅིག་གི་རྗེས་ལ་གཅིག་སླེབས་ཀྱི་འདུག སྨན་ཁང་ནང་ཉལ་ཁྲི་སྟོང་པ་ལྷག་གི་མི་འདུག ཟླ་ཁ་ཤས་ཀྱི་ནང་དུ་མི་ལྔ་དྲུག་འདས་གྲོངས་སུ་ཕྱིན་སོང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཟས་དང་སྤྱོད་ལམ། ཁོར་ཡུག ཐ་མག་སོགས་ལ་ཐུག་བསྡད་ཡོད་པར་འགྲེལ་བརྗོད་གནང་སོང་།

མཐའ་མར། མང་ཚོགས་ལ་ལམ་སྟོན་གང་ཡོད་འདྲི་སྐབས། ཁོང་གིས་བརྗོད་དོན། འབྲས་ནད་ན་ཚ་བྱུང་ན་བོད་ཀྱི་འབྲས་ནད་ཚོགས་པར་འབྲེལ་བ་བྱེད་དགོས་པ་གལ་ཆེན་པོ་རེད། དམིགས་བསལ་ང་ཚོར་འབྲས་ནད་ཡིན་པའི་སྙན་ཐོ་སྐུར་ན་ང་ཚོས་དེའི་ཐོག་ཡང་བསྐྱར་བརྟག་དཔྱད་བྱེད་རྒྱུར་རོགས་རམ་དང་ལམ་སྟོན་བྱེད་ཀྱི་རེད། གང་ཡིན་ཟེར་ན། སྨན་ཁང་གཅིག་གི་ནང་དུ་ཕྱིན་ནས་འབྲས་ནད་འདུག་ཟེར་བ་ཙམ་གྱིས་བདེན་པ་ཡིན་མིད་ཤེས་ཀྱི་མ་རེད། དེང་སང་རྫུན་མ་བཤད་མཁན་དེ་འདྲ་ཡོད་སྲིད་པ་རེད། གལ་སྲིད། འབྲས་ནད་ནད་པ་ཡིན་ན། ང་ཚོས་དཔལ་འབྱོར་དང་སྨན་ཁང་འགྲོ་བར་བཅས་ལ་རོགས་པ་བྱེད་གང་ཐུབ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

འབྲས་ནད་ལ་རིགས་མང་པོ་ཡོད། དེ་དག་ནི་ཕོ་བ་འབྲས་ནད། གློ་བ་འབྲས་ནད། ཁའི་འབྲས་ནད། ནུ་མའི་འབྲས་ནད། བུ་སྣོད་འབྲས་ནད། པགས་པ་འབྲས་ནད། ཀླད་པའི་འབྲས་ནད་སོགས་ཡིན་འདུག

འབྲས་ནད་འགོག་ཐབས་བཅུ། དང་པོ། ཐ་མག་མི་འཐེན་པ་ཡང་ན་མཚམས་འཇོག་དགོས་པ། གཉིས་པ། ལུས་སྦྱོང་རྩལ་བ། གསུམ་པ། ཆང་རག་ཉུང་ཙམ་འཐུང་བ། བཞི་པ། རང་ཉིད་ནང་མིར་འབྲས་ནད་ཡོད་མེད་ཀྱི་ལོ་རྒྱུས་རྟོགས་དགོས་པ། ལྔ་པ། ཉི་མའི་འོད་འོག་ཏུ་འགྲོ་སྐབས་ཉི་འགོག་བྱུག་བད་(Sunscreen)་བྱུག་དགོས། དྲུག་པ། ནད་འགོག་གི་ཁབ་ཏག་ཏག་རྒྱག་དགོས་པ། བདུན་པ། འགོས་ནད་རིགས་མི་ཡོང་བའི་ཆེད་བདེ་འཇགས་ཀྱི་ལུས་འབྲེལ་བྱེད་དགོས་པ། བརྒྱད་པ། རྒྱུན་དུ་སྨན་ཁང་དུ་ལུས་པོ་བརྟག་དཔྱད་བྱེད་དགོས། དགུ་པ། ཤ་དམར་ཉུང་ཙམ་ཟ་དགོས། བཅུ་པ། གཟུགས་པོའི་ལྗིད་ཚད་ཏག་ཏག་དགོས།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།