03
Fri, Apr

༢༠༡༩་ལོའི་ཟླ་༡༡་ཚེས་༢༩ཉིན། ༸གོང་ས་མཆོག་གིས་ཐེངས་༡༤་པའི་བོད་མིའི་ཆོས་ཚོགས་ཐོག་གསུང་བཤད་གནང་སྐབས།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ ཟླ་ ༡༡ ཚེས་ ༢༩ ཉིན། ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། སངས་རྒྱས་ཀྱི་བསྟན་པ་བོད་ལ་དར་ཚུལ་དང་། ཚན་རིག་པ་ཚོས་ནང་ཆོས་ལ་དོ་སྣང་བྱེད་ཚུལ། ནང་པའི་གཞུང་དུ་གསལ་བའི་ཚན་རིག་དང་མཐུན་པའི་བློའི་རྣམ་གཞག་དེ་དག་དེང་དུས་ཀྱི་ཤེས་ཡོན་དུ་འཇོག་དགོས་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་གནང་བ་དང་བསྟུན། ཡང་སྲིད་དང་འབྲེལ་བའི་སྒོ་ནས། ངོས་རང་ད་ཆ་ལོ་ ༨༤ ནས་ ༨༥ སྒང་སླེབ་བཞིན་ཡོད། ལུས་བདེ་པོ་དང་སེམས་སྐྱིད་པོ་ཡིན། གཙོ་བོ་བྱང་ཆུབ་སེམས་ཀྱི་ཐུགས་རྗེས་རེད། ཅེས་སོགས་གསུངས་སོང་།

དེ་ཡང་མགོན་པོ་གང་ཉིད་ཀྱིས་ནང་པའི་བསྟན་པ་བོད་ལ་དར་ཚུལ་དང་། ནང་པའི་ཆོས་འདི་རིགས་པར་བརྟེན་དགོས་པ་ལས་དད་པར་བརྟེན་མི་རུང་བའི་སྐོར་སོགས་ནས་འདི་ལྟར་གསུངས་དོན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ནས་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་མཛད་ཡོད་སྐོར་དང་། དེང་སྐབས་ཚན་རིག་པ་ཚོས་ཀྱང་ནང་ཆོས་ནས་གསུངས་པའི་བློའི་རྣམ་གཞག་དང་བྱེད་ལས་སོགས་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་ཧ་ཅང་བྱེད་བཞིན་ཡོད་ཅིང་། སྐབས་འདིར་ང་ཚོ་བོད་མི་ཚོས་གོ་སྐབས་དམ་འཛིན་གྱིས་ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དེ་དག་དེང་དུས་ཤེས་ཡོན་ལམ་ལུགས་ནང་འཁྲིད་ཐབས་ལ་འབད་དགོས་པ་གལ་ཆེ་ཡིན་པ་དང་། སངས་རྒྱས་ཀྱི་བསྟན་པ་དེ་ལུང་ཙམ་ལ་མ་བརྟེན་པར། རིག་ལམ་ཐོག་ནས་འགྲེལ་བཤད་བརྒྱག་ཐུབ་ཚེ་འབྱུང་འགྱུར་དུས་རབས་མང་པོའི་རིང་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་རྒྱུ་དང་། དབང་རྟུལ་དད་པའི་རྗེས་འབྲང་ལྟར་བྱས་ཚེ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ཁག་པོ་ཡིན་སྐོར་སོགས་གསུངས་སོང་།

གཞན་ཡང་། དེང་རབས་ཀྱི་ཚན་རིག་པས་ཤེས་པའི་རྣམ་གཞག་གི་ཐད་ལ་དོ་སྣང་བྱེད་ཀྱི་ཡོད་པ་དང་། ཁྱད་པར་དུ་མི་འདས་གྲོངས་ཕྱིན་རྗེས་ཐུག་དམ་བཞུགས་མཁན་ཚོར་དོ་སྣང་བྱེད་ཀྱི་ཡོད། དེ་ཡང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ཁུལ་དུ་མོ་སི་ཁོ་མཐོ་སློབ་ཀྱིས་བོད་མིའི་གཞིས་ཆགས་ཁག་དང་། དགོན་པ་གྲྭ་ཚང་སོགས་སུ་མི་འདས་གྲོངས་ཕྱིན་ནས་ཐུག་དམ་བཞུགས་མཁན་ཚོར་ཉམས་ཞིབ་བྱ་རྒྱུའི་བསྟི་གནས་ལྟ་བུ་ཞིག་བཙུགས་ཡོད་པ་དང་། དེར་མགོན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སོགས་སུ་ཆིབས་སྒྱུར་སྐྱོང་སྐབས་བསྟི་གནས་ཁང་དེར་ཡང་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་སྐོར་ཡང་གསུངས་སོང་།

དེ་ནས༸གོང་ས་མཆོག་གིས་བོད་མིའི་སྙིང་སྟོབས་དང་ལྷག་བསམ་དང་འབྲེལ་བའི་སྒོ་ནས་འདི་ལྟར་བཀའ་བསྩལ་དོན། གཞིས་ལུས་བོད་མི་ཚོས་ལྷག་བསམ་རྩེ་གཅིག་དང་། དད་དམ་གཡོ་བ་མེད་པ་བྱས་ནས་བསྡད་ཡོད་པ་དེས་བོད་མི་བཙན་བྱོལ་རྣམས་ལ་སེམས་ཤུགས་སྤེལ་བ་དང་། བཙན་བྱོལ་བ་ཚོས་ཀྱང་བྱེས་སུ་སྒྲིག་འཛུགས་ངོ་བོར་བསྡད་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱས་ནས་ཡོད་པ་དེས་བོད་ནང་ལ་འགྲེལ་བཤད་བྱེད་སྐབས་བོད་ནང་གི་བོད་མི་ཚོ་ཡང་སྤྲོ་སྣང་སྐྱེ་གཞིར་གྱུར་ཡོད། ཕྱོགས་མཚུངས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོས་བསྟན་སྲིད་མི་རིགས་སྙིང་བཅངས་ཐོག་ནས། འཛམ་གླིང་གཞན་ལ་དྲན་སྐུལ་གཏོང་ཆེད་རང་ལུས་མེར་སྲེག་བཏང་ནས་ད་ཆ་བོད་མི་རང་སྲེག་ལས་འགུལ་སྤེལ་མཁན་ ༡༥༤ བྱུང་བ་དེ་དག་ཧ་ལས་པ་ཞིག་ཡིན་པ་དང་། དེ་ཙམ་སྙིང་སྟོབས་ཡོད་མཁན་ཞིག་གིས་གཞན་ལ་འཚེ་བ་བྱེད་མ་ཐུབ་པའི་དཀའ་ངལ་གང་ཡང་མེད་ཀྱང་མི་གཞན་ལ་གནོད་པ་རྩ་བ་ནས་མ་བྱས་པར་སོ་སོ་རང་ཉིད་ལུས་པོ་མེར་སྲེག་བཏང་བ་དེ་དག་ཧ་ལས་པ་རེད་འདུག ཅེས་གསུངས་སོང་།

མཇུག་མཐར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་གྲོས་ཆོད་བཞག་པའི་འབྲུ་དོན་ལྟར་༸སྐུའི་ཡང་སྲིད་སྐོར་བཀའ་སློབ་བསྩལ་དོན། ཡང་སྲིད་སྐོར་ལ་ཁྱེད་ཚོས་ཁུར་ཧ་ཅང་བླངས་འདུག དེ་སྔ་ཨ་རིའི་གསར་འགོད་པ་ཁག་གཅིག་དང་ཐུག་སྐབས་ཡང་སྲིད་སྐོར་སྐད་ཆ་དྲིས་བྱུང་། ངོས་ཀྱིས་མིག་ཤེལ་འདི་མར་ཕུད་ནས་ངོས་ཀྱི་གདོང་པར་ལྟོས་ཤིག ཡང་སྲིད་བྲེལ་བ་འདུག་གམ་ཞེས་དྲིས་སྐབས་མི་འདུག་ཟེར་བྱུང་། ངོས་རང་ད་ཆ་ལོ་ ༨༤ ནས་ ༨༥ སྒང་སླེབ་བཞིན་ཡོད། ལུས་བདེ་པོ་དང་སེམས་སྐྱིད་པོ་ཡིན། གཙོ་བོ་བྱང་ཆུབ་སེམས་ཀྱི་ཐུགས་རྗེས་རེད། ཅེས་བཀའ་བསྩལ་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།