26
Fri, Apr

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་བཞིན་པ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ད་ཆ་གཙུག་ལག་སློབ་ཁང་འདི་ཉིད་ནས་ཀྱང་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་དགོངས་པ་བཞེས་དགོས་པའི་དུས་ལ་བབས་ཡོད་ཅེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ཐོག་གསུང་གནང་ཡོད་འདུག

དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཡིག་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་དུ་བཀོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་གནང་ནས་ད་བར་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཝཱ་ཎ་གཙུག་ལག་སློབ་ཁང་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་སྐུ་མགྲོན་དང་གཙུག་ལག་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་གཙོས་འབྲེལ་ཡོད་དགེ་ལས་སློབ་ཕྲུག་ལས་ཟུར་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གི་ཚབ་ཞུས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་དང་ལྷག་པར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མི་ལོ་ ༣༠ ཙམ་རིང་སྐུ་ངལ་འཛེམས་མེད་སྐྱོན་པར་བརྟེན། གཙུག་ལག་སློབ་ཁང་འདི་ཉིད་ལམ་ལྷོངས་ལྡན་པ་ཞིག་ཆགས་ཐུབ་ཡོད། ལྷག་པར་འདི་ནས་ཐོན་པའི་སློབ་ཟུར་རྣམས་ད་ཆ་འཛམ་གླིང་ཕྱོགས་མཐའ་གང་སར་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡཱའི་རིག་གནས་དར་འཕེལ་ཡོང་ཆེད་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནང་འགོ་ཁྲིད་ཀྱི་རྣམ་པའི་ཐོག་ནས་ཞབས་ཞུ་སྒྲུབ་མཁན་་ཡང་གང་ཙམ་བྱུང་ཡོད། དེར་བརྟེན་གཙུག་ལག་སློབ་ཁང་འདིའི་དེ་སྔའི་ངེས་སྟོན་པ་བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལའང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། རིགས་བདག་གནང་མུས་དགེ་བཤེས་ངག་དབང་བསམ་གཏན་མཆོག་ལ་གོ་སྐབས་འདི་བརྒྱུད་འཚམས་འདྲི་ཞུ་རྒྱུ་ཡིན།

གོང་དུ་རིགས་བདག་མཆོག་གིས་གསུང་པ་ལྟར་ལོ་ངོ་ ༥༠ གོང་སྟེ་ཕྱི་ལོ་ ༡༩༦༨ ཟླ་ ༡ ཚེས་ ༡ ཉིན་རྒྱ་གར་གྱི་སྲིད་བློན་པཎྜིཏ་ནེ་རུ་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་སློབ་འདི་གསར་འཛུགས་མཛད་ཡོད། འདས་པའི་ལོ་ངོ་ ༥༠ རིང་དགེ་ལས་ཡོངས་ནས་ནང་བསྟན་རིག་པ་སྤྱི་དང་། ལྷག་པར་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རིག་གནས་དེ་དག་གཅེས་ཉར་ཐོག་འཛིན་སྐྱོང་སྤེལ་གསུམ་གནང་ཡོད། ད་ལྟའི་དུས་སྐབས་འདིར་འཛམ་གླིང་ཁྱོན་དུ་བོད་བརྒྱུད་ནང་བསྟན་གྱིས་མཚོན་ནཱ་ལེནྡྲའི་རིག་གནས་དེ་དག་དར་ཞིང་རྒྱས་བཞིན་པ་དེར་མཐོ་སློབ་འདིས་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད། འབྱུང་འགྱུར་ཡང་གཙུག་ལག་སློབ་ཁང་འདི་ཉིད་ཀྱི་དགེ་ལས་རྣམས་ཀྱི་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ད་བར་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཕྱོགས་མཚུངས་དེ་རིང་གི་ཉིན་མོ་འདི་ནི་གཙུག་ལག་སློབ་ཁང་འདིས་འབྱུང་འགྱུར་ལོ་ ༥༠ རིང་ག་རེ་གནང་རྒྱུ་ཡོད་མེད་ཐོག་བསམ་བློ་གསར་པ་ཞིག་གཏོང་རྒྱུའི་དུས་ཚོད་ཞིག་ཀྱང་ཆགས་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་ང་ཚོས་ཉེ་ལམ་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཤིག་ཚོགས་པ་རེད། དེར་བརྟེན་ད་ཆ་གཙུག་ལག་སློབ་ཁང་འདི་ཉིད་ནས་ཀྱང་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་དགོངས་པ་བཞེས་དགོས་པའི་དུས་ལ་བབ་ཡོད། ངའི་བསམ་ཚུལ་ལྟར་བྱས་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་དྲུང་ནས་ལམ་སྟོན་ཞུ་རྒྱུ་དེ་ཐབས་ལམ་མཆོག་ཡིན། མགོན་པོ་མཆོག་ལ་མཛད་འགན་གཙོ་བོ་བཞི་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་བརྒྱ་ཆ་ ༩༨ རྩ་མེད་བཏང་བ་སོགས་མདོར་ན་བོད་བརྒྱུད་ནང་བསྟན་ལ་སྡང་ཟུག་ཆེན་པོས་རྩ་མེད་བཟོ་ཐབས་བྱས་ཡོད་ཀྱང་༸གོང་ས་མཆོག་གིས་གཟིགས་རྒྱང་ཆེན་པོས་ཐོག་ནས་ཐོག་མར་བོད་མི་བཙན་བྱོལ་བའི་ཁྲོད་དཔལ་ནཱ་ལེནྡྲའི་སྲོལ་རྒྱུན་ལེགས་བཤད་སླར་གསོ་ཐུབ་ཐབས་མཛད་པ་ལྟར་ལམ་ལྷོངས་ལྡན་པ་བྱུང་ཡོད།

ཕྱོགས་མཚུངས་རིག་གཞུང་དེ་དག་ཧི་མཱ་ལ་ཡ་རི་རྒྱུད་ས་ཁུལ་དུ་དར་སྤེལ་མཛད་རྒྱུ་དེར་ཡང་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་ཐུབ་པ་དང་། དེ་བཞིན་འཛམ་གླིང་ཁྱོན་དུའང་རིག་གནས་དེ་དག་སླར་གསོ་མཛད་རྒྱུར་ཐུགས་བརྩོན་མཛད་པ་དེར་ཡང་ལམ་ལྷོངས་བྱུང་ཡོད། དཔེར་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་འཛམ་གླིང་ས་ཕྱོགས་འདྲ་མིན་གང་སར་ཁྱབ་བརྡལ་དུ་ཡོད་པར་བརྟེན་༸གོང་ས་མཆོག་གི་དགོངས་བཞེད་དེའང་བསྒྲུབས་ཐུབ་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་བོད་རང་གི་ནང་བོད་བརྒྱུད་ནང་བསྟན་སྔར་ཉམས་ཆག་ཕྱིན་པ་དེ་དག་བསྐྱར་གསོ་ཡོང་བར་ཐུགས་བརྩོན་མཛད་པ་ལྟར་ལམ་ལྷོངས་ཚགས་ཚུད་ལྡན་པ་བྱུང་ཡོད། དེ་བཞིན་རྒྱ་ནག་ནང་དུའང་སངས་རྒྱས་ཀྱི་བསྟན་པ་དེ་ཉིད་སླར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་པ་ལྟར་ད་ཆ་དགོངས་བཞེད་དེའང་ལམ་ལྷོངས་ངང་འགྲུབ་བཞིན་ཡོད། དེ་ནས་རྒྱ་གར་རང་གི་ནང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་བསྐྱར་གསོ་མཛད་རྒྱུར་དགོངས་བཞེས་མཛད་བཞིན་ཡོད།

སྤྱིར་དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་མི་གྲངས་ས་ཡ་ ༣༠༠ ནས་ ༤༠༠ བར་ཡོད་སྟབས་ནང་པའི་ཡུལ་གྲུ་ཆེ་ཤོས་ཆགས་ཡོད། རྒྱ་གར་ལ་མཚོན་ན་ནང་པ་ཉུང་ཤོས་གྲས་ཀྱི་རྒྱལ་ཁབ་ཞིག་ཆགས་ཡོད་པ་ནི་ཕྲན་བུ་ཡ་མཚན་སྐྱེ་དགོས་པ་ཞིག་ཡིན། གང་ཡིན་བརྗོད་ན་ནང་ཆོས་ཐོག་མ་དར་ཡུལ་རྒྱ་གར་ནང་རེད། དེར་བརྟེན་ད་ཆ་དཔལ་ནཱ་ལེནྡཱའི་ལེགས་བཤད་ཀྱི་འབྱུང་ཁུངས་རྒྱ་གར་རང་གི་ནང་རིགས་གནས་དེ་དག་སླར་གསོ་དགོས་པ་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད། རྒྱ་གར་འཕགས་པའི་ཡུལ་འདིར་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།