26
Fri, Apr

ཡོང་འགྱུར་གཟའ་ཉི་མའི་སྔོན་དུ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབད་བྱེད་མིན་གྱི་ཐད་ནས་གསལ་ཁ་བཟོ་རྒྱུ་ཡིན་པར་བརྗོད་ཀྱི་འདུག

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ༡༡ཚེས་༡༩ཉིན་སྤེལ། ཐའེ་ཝན་དང་ནང་དུ་མཚན་མཐུན་གཉེན་སྒྲིག་རུང་མིན་གྱི་ཐད་ནས་ཟླ་འདི་ཚེས་༢༤ཉིན་འོས་ཤོག་འཕང་རྒྱུ་དང་ཨ་རིའི་མཁའ་དབྱིངས་འཕུར་གྲུ་ཞིག་ཟླ་འདིའི་༢༦་ཉིན་རྒྱུ་སྐར་མིག་དམར་ཐོག་ཏུ་འབབ་རྒྱུ། དེ་བཞིན་བདུན་ཕྲག་འདིའི་ནང་དུ་སྲིད་བློན་ཐེ་རེ་ས་མད་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་དབྱིན་ཇི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་བར་འབྲེལ་བའི་སྐོར་གླེང་རྒྱུ་སོགས་ཀྱི་གསར་འགྱུར་ཁག་གཤམ་གསལ།

༡༽ ཨེ་ཤེ་ཡའི་ནང་གི་མཚན་མཐུན་གཉེན་སྒྲིག

༢༠༡༨ལོའི་ཟླ་༡༡ ཚེས་༡༩ཉིན་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཚེས་༢༤ཉིན། ཐའེ་ཝན་ནང་དུ་མཚན་མཐུན་གཉེན་སྒྲིག་རུང་མིན་གྱི་ཐད་ནས་འོས་ཤོག་འཕང་རྒྱུ་རེད་འདུག གལ་སྲིད། མཚན་མཐུན་གཉེན་སྒྲིག་བྱེད་པར་མང་མོས་ཀྱིས་འོས་ཤོག་འཕངས་ཚེ། ཐའེ་ཝན་ནི་ཨེ་ཤི་ཡའི་རྒྱལ་ཁབ་ནང་ནས་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་རྒྱལ་ཁབ་ཐོག་མ་དེར་ཆགས་རྒྱུ་རེད། ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་ཁྲིམས་བཟོས་ཟིན་ཡོད་ཀྱང་། ཁྲིམས་དེ་ལག་བསྟར་བྱེད་མིན་ནི་མང་ཚོགས་ཀྱིས་འོས་ཤོག་འཕེན་པའི་སྒོ་ནས་ཐག་གཅོད་བྱ་རྒྱུ་ཡིན་འདུག

༢༽ རྒྱུ་སྐར་མིག་དམར་ཐོག་ཏུ་ལྟ་བ།

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་ཏེ། ཡོང་འགྱུར་གྱི་གཟའ་ཟླ་བའི་ཉིན། ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཚོགས་པ་ན་ས(NASA)འི་མཁའ་དབྱིངས་འཕུར་གྲུ་ཞིག་རྒྱུ་སྐར་མིག་དམར་ཐོག་ཏུ་འབབ་རྒྱུ་རེད་འདུག མཁའ་དབྱིངས་འཕུར་གྲུ་དེས་རྒྱུ་སྐར་མིག་དམར་གྱི་ནང་སྙིང་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། འདི་སའི་གོ་ལའི་སྟེང་ནས་རྒྱུ་སྐར་མིག་དམར་གྱི་ཐོག་ཏུ་ཕྱིན་ཏེ། དེའི་ནང་སྙིང་ལ་ཞིབ་འཇུག་བྱེད་མཁན་ཐོག་མ་དེ་ཆགས་འདུག

ལས་དོན་དེའི་ཐད་ལ་ན་ས(NASA)ཚོགས་པས་འདི་ལྟར་འགྲེལ་བརྗོད་བྱ་རྒྱུ་རེད། ལས་དོན་འདི་ནི་རྒྱུ་སྐར་མིག་དམར་ལོ་ངོ་དུང་ཕྱུར 4.5 ཡི་སྔོན་ནས་གྲུབ་རྗེས་ཀྱི་ཆེས་ཐོག་མའི་ཆ་ཚང་བའི་བརྟག་དཔྱད་ཞིབ་འཇུག་ཅིག་ཡིན་ཞིང་། འཁའ་དབྱིངས་འཕུར་གྲུ་དེར་བརྟེན་ནས། རྒྱུ་སྐར་མིག་དམར་གྱི་གྲུབ་སྟངས་དང་དེའི་བཀོད་པ། དེའི་ངོས་སུ་བརྡབས་པའི་སྐར་རྡོ་དག་གི་ཤན་ཞུགས་བཅས་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་རེད་འདུག ད་དུང་། དེར་བརྟེན་ནས་སའི་གོ་ལ་ཇི་ལྟར་གྲུབ་ཚུལ་གྱི་ཁུངས་སྣེ་གསར་པའང་རྙེད་རྒྱུ་ཡིན་པར་བརྗོད་ཀྱིན་འདུག

མཁའ་དབྱིངས་འཕུར་གྲུ་རྒྱུ་སྐར་མིག་དམར་སྟེང་དུ་འབབ་པར་དཀའ་ཁག་ཧ་ཅང་ཆེ། དེའི་རྒྱུ་མཚན་ནི་རྒྱུ་སྐར་དེའི་རླུང་ཁམས་ནི་སའི་གོ་ལའི་རླུང་ཁམས་ལས་ཧ་ཅང་སྲབ་པས་ཡིན། རླུང་ཁམས་ཧ་ཅང་སྲབ་པར་བརྟེན། མཁའ་དབྱིངས་འཕུར་གྲུ་མར་འབབ་པར་འགོག་རྐྱེན་མེད་པའི་དབང་གིས་འབབ་ཚད་དལ་མོ་བྱེད་རྒྱུ་ཧ་ཅང་ཁག་པོ་ཆགས་ཀྱི་ཡོད།

༣༽ དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད།

དེ་ཡང་། ཟླ་བ་བཞིའི་ནང་ཚུད་དུ་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་བྱ་རྒྱུ་རེད་འདུག འདས་པའི་བདུན་ཕྲག་འདིའི་ནང་དུ་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་བྱེད་པའི་ཐད་ནས་ཚ་ཚ་འུར་འུར་གྱིས་ཆབ་སྲིད་རྩོད་གླེང་བྱུང་ཡོད་པ་རེད། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་ཐུབ་མིན་ནི་ད་དུང་ངེས་གཏན་ཞིག་མིན་པ་དང་། དེ་བཞིན་སྲིད་བློན་ཐེ་རེ་ས་མད(Theresa May)ཕྱོགས་ཁ་ནས་ལས་མི་ཞིག་གིས་རྩ་དགོངས་ཞུས་ཡོད་པ་བཅས་ལ་བརྟེན་ནས་དཀའ་ངལ་མང་དུ་འཕྲད་ཡོད་འདུག

བདུན་ཕྲག་འདིའི་ནང་དུ་སྲིད་བློན་ཐེ་རེ་ས་མད་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་འཛིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་དབྱིན་ཇི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་བར་འབྲེལ་བའི་སྐོར་གླེང་རྒྱུ་རེད་འདུག ཡུ་རོབ་མཐུན་ཚོགས་ཀྱི་ངོ་ནས། ཡོང་འགྱུར་གཟའ་ཉི་མའི་སྔོན་དུ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབད་བྱེད་མིན་གྱི་ཐད་ནས་གསལ་ཁ་བཟོ་རྒྱུ་ཡིན་པར་བརྗོད་ཀྱི་འདུག

དབྱིན་ཇི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འབུད་བྱ་རྒྱུ་སྐོར་གྱི་གནས་ཚུལ་རྒྱས་པ་རྗེས་ནས་མུ་མཐུད་འགོད་རྒྱུ་ཡིན་འདུག