19
Fri, Apr
27 New Articles

༢༠༡༩ལོའི་ཟླ་༡ཚེས་༢༢ཉིན་རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཐེངས་དང་པོ་ཐོག

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༡ཚེས་༢༢ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཐེངས་དང་པོ་དེ་ས་རྭ་མཐོ་སློབ་དུ་དབུ་འཛུགས་གནང་སོང་བ་དང་། ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་གཞོན་སྐྱེས་ཁྲོད་དུ་བོད་ཀྱི་གནད་དོན་ངོ་མ་གསལ་བཤད་གནང་རྒྱུ་དང་། བོད་པ་དང་རྒྱ་གར་བ་ཉམས་ཞིབ་པའི་བར་དགོངས་ཚུལ་བརྗེ་རེས་ཐུབ་རྒྱུ། དེ་བཞིན་རྒྱ་གཞུང་ནས་ཆབ་སྲིད་ཀྱི་དགོས་དམིགས་ཐོག་ནས་བོད་ཀྱི་གནད་དོན་ལ་འཁྱོག་བཤད་བྱེད་བཞིན་པའི་དུས་སྐབས་འདིར། བོད་པའི་ངོས་ནས་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་སྤེལ་རྒྱ་གང་ཆེ་གནང་རྒྱུ་ཡིན་པ་རེད།

དེ་ཡང་ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོ་ནི་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Kuldip Chand Agnihotriམཆོག་རྣམ་གཉིས་གཙོ་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཙོ་གྱུར་ཉམས་ཞིབ་པ་རྣམ་པ་དང་རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་བཅས་ཕེབས་འདུག

ཐེངས་དང་པོའི་རྒྱ་གར་གཞོན་སྐྱེས་བོད་དོན་ཉམས་ཞིབ་པའི་ལྷན་ཚོགས་ཐོག རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་༡༣ ཙམ་ནས་བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་བཞིན་པའི་རྒྱ་གར་གྱི་ན་གཞོན་ཉམས་ཞིབ་པ་༢༢ཆེད་ཕེབས་གནང་ཡོད་འདུག

སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། སྤྱིར་ཉམས་ཞིབ་ཀྱི་ཐབས་ལམ་ཁག་ངོ་སྤྲོད་གནང་བ་དང་རྒྱ་གར་གྱི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ནས་བོད་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ལྷག་དོན་མ་འོངས་པར་རྒྱ་གར་གྱི་ན་གཞོན་ཁྲོད་ནས་བོད་ཀྱི་ད་ལྟའི་གནས་སྟངས་དང་བོད་ཀྱི་ལེགས་བྱང་གཙོ་གྱུར་ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཐད་ཉམས་ཞིབ་གནང་མཁན་གང་མང་འཐོན་ཐུབ་ཚེ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ངོ་མ་ཤེས་རྟོགས་ཐུབ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཅེས་གསུངས། དེ་བཞིན་དམིགས་བསལ་སྐུ་མགྲོན་ཧི་མཱ་ཅལ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་ Kuldip Chand Agnihotriམཆོག་གིས། རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་བོད་རིག་པའི་སློབ་ཚན་ཐོག་བསླབ་པ་སློབ་གཉེར་གནང་མཁན་མང་ཆེ་བས་རྒྱ་གར་དང་བོད་ཀྱི་ཆོས་ཕྱོགས་འབྲེལ་ལམ། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཀྱི་ཐོག་ཉམས་ཞིབ་གནང་བའི་དཔྱད་རྩོམ་སྤེལ་བཞིན་ཡོད་པ་དང་། དེང་སྐབས་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཙམ་མ་ཡིན་པར་རྒྱ་གར་གཞུང་ནས་བོད་ཀྱི་གནད་དོན་ཐོག་རོགས་སྐྱོར་གང་འདྲ་གནང་དགོས་མིན་གནད་དོན་སོགས་ཀྱི་ཐད་ཉམས་ཞིབ་གནང་ནས་དཔྱད་རྩོམ་གང་མང་སྤེལ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས། ཁོང་གིས་ང་ཚོ་རྒྱ་གར་བ་རྣམས་ནས་རྒྱ་ནག་གི་སེམས་འགུག་ཐབས་སུ་བོད་ཀྱི་གནད་དོན་ཐོག་ཁུ་སིམ་པོར་བཞུགས་ན། རྒྱ་གར་ལ་ཕན་ཐོགས་མེད་པ་དང་ལྷག་པར་དུ་རྒྱ་ནག་གིས་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་ངེས་ཡིན་སྟབས། རྒྱ་གར་ཡུལ་མི་རྣམས་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་འབད་བརྩོན་གནང་དགོས་པ་མ་ཟད་དེས་རྒྱ་བོད་གཉིས་ཀར་ཕན་ཐོགས་ཡོད་པ་སོགས་གསུངས། དེ་ཡང་ལྷན་ཚོགས་འདིའི་ལས་རིམ་ལྟར་ན། བོད་དང་རྒྱ་གར། དེ་བཞིན་རྒྱ་ནག་བཅས་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་གནང་བའི་གྲུབ་དོན་དག་ལ་གྲོས་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཚོགས་དུས་ཉིན་མཐའ་མའི་སྔ་དྲོ་ཆུ་ཚོད་༡༠སྟེང་༸གོང་ས་མཆོག་གི་བཞུགས་གནས་༸རྒྱལ་བའི་ཕོ་བྲང་དུ་༸གང་ཉིད་མཆོག་དང་ལྷན་བཀའ་བསྡུར་གྱི་མཛད་རིམ་ཞིག་ཀྱང་གནང་གཏན་ཁེལ་ཡོད་པ་རེད།

ལྷན་ཚོགས་འདི་ནི་ཚེས་༢༢་ནས་༢༤་བར་ཡིན་འདུག་པ་དང་། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཁག་ནི་གཤམ་གསལ་ལྟར་རེད་འདུག

༡-(Tibetan Diaspora) བོད་མི་ཐོར་སྡོད། ༢-(Exile, Governance and policy studies) བཙན་བྱོལ་དང་ཆབ་སྲིད་གཞུང་གི་དབང་འཛིན་དང་སྲིད་ཇུས་ལ་རྟོག་ཞིབ། ༣-(Exploration of Tibet’s cultural Ties)བོད་ཀྱི་རིག་གཞུང་ཐོག་ལ་མྱུལ་ཞིབ། ༤-(Tibet and China Relation)བོད་དང་རྒྱ་ནག་གི་འབྲེལ་བ། ༥-(Tibet and her Neighbours)བོད་དང་བོད་ཀྱི་ཁྱིམ་ཚེས་རྒྱལ་ཁབ་ཁག ༦-(Contemporary Tibet and Challenges)ད་ལྟའི་དུས་ཀྱི་བོད་དང་རྩོད་ལེན། ༧-(Imagination,Projection and Representation in Modern Tibetan Literature)དེང་དུས་བོད་ཀྱི་རིག་གནས་ཀྱི་རྩོམ་རིག་ནང་གི་འཆར་སྣང་དང་མཚོན་དོན།

 

གསལ་བསྒྲགས་ཀྱི་ས་མིག