ཕྱི་ལོ་༢༠༢༦ ཟླ་༩ ཚེས་༢༣ ཉིན། གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བདུན་ཕྲག་འདིའི་གཟའ་ལྷག་པ་ནས་བདུན་ཕྲག་རྗེས་མའི་་གཟའ་ལྷག་པ་བར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་སྤེལ་སོང་། ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། རྒྱ་དམར་གཞུང་གིས་ཕྱི་ལོ་ ༢༠༢༦ ཟླ་༧ ཚེས་༡ ནས་ལག་བསྟར་འགོ་འཛུགས་བྱས་ཡོད་པའི་”མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་”ཟེར་བ་དེའི་ནང་། ལོ་རེའི་ཕྱི་ཟླ་༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་བརྩི་སྲུང་གིས། རྒྱལ་ཁབ་ཀྱིས་རྣམ་པ་མང་པོ་བརྒྱུད་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་དགོས་སྐོར་བཀོད་ཡོད་སྟབས། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་སྣ་ཚོགས་དང་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པ་སྤྱི་དང་། བྱེ་བྲག་ཏུ་ད་ཆ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ཁྲིམས་ཀྱི་འབག་གཡོགས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོང་གི་ཡོད་པ་དེ་ཚོར་ཁ་གཏད་གདོང་ལེན་བྱེད་པའི་ཆེད་དུ་ཡིན། ཞེས་གསུངས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༤༥ ཐོག གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བདུན་ཕྲག་འདིའི་གཟའ་ལྷག་པ་ནས་བདུན་ཕྲག་རྗེས་མའི་་གཟའ་ལྷག་པ་བར་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩི་བྱ་རྒྱུའི་གསལ་བསྒྲགས་སྤེལ་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཐོག །ལོ་རེའི་ཕྱི་ཟླ་༩ པའི་བདུན་ཕྲག་བཞི་པ་དེ་"བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”དུ་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་བ་བཞིན། དེ་རིང་ཕྱི་ལོ་༢༠༢༦ ཟླ་༩ ཚེས་༢༣ ནས་བཟུང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་ཕྱི་ཟླ་༩ གཟའ་འཁོར་བཞི་པའི་རེས་གཟའ་ལྷག་པ་ནས་བདུན་ཕྲག་རྗེས་མའི་གཟའ་ལྷག་པ་བར་ལས་འགུལ་འདི་སྤེལ་གཏན་འཁེལ་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་ནས་གསུང་དོན། ང་ཚོས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། རྒྱ་དམར་གཞུང་གིས་ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་འགོ་འཛུགས་བྱས་ཡོད་པའི་”མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་”ཟེར་བ་དེའི་ནང་། ལོ་རེའི་ཕྱི་ཟླ་༩ པའི་ བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་བརྩི་སྲུང་གིས། རྒྱལ་ཁབ་ཀྱིས་རྣམ་པ་མང་པོ་བརྒྱུད་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་དགོས་སྐོར་བཀོད་ཡོད་སྟབས། རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་བའི་ཐབས་ལམ་སྣ་ཚོགས་དང་སྲིད་བྱུས་རིམ་པ་ལག་བསྟར་བྱས་དང་བྱེད་བཞིན་པ་སྤྱི་དང་། བྱེ་བྲག་ཏུ་ད་ཆ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ལ་ཁྲིམས་ཀྱི་འབག་གཡོགས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོང་གི་ཡོད་པ་དེ་ཚོར་ཁ་གཏད་གདོང་ལེན་བྱེད་པའི་ཆེད་དུ་ཡིན།
ཁྲིམས་ཡིག་དེའི་ནང་དོན་དང་། ཉེན་ཚབས་སྐོར་ལ། སྐབས་ ༡༨ པའི་སྤྱི་ལྷན་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་བཞག་པའི་གྲོས་ཆོད་ཀྱི་སྔོན་གླེང་དང་། བཀའ་ཤག་གི་ྋསྐུའི་འཁྲུངས་སྐར་དུས་ཆེན་ཉིན་གྱི་གཞུང་འབྲེལ་གཏམ་བཤད་དང་། མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་གཏམ་བཤད སྲིད་སྐྱོང་གི་མིང་ཐོག་ནས་༢༠༢༦ ཟླ་ ༦ ནང་རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་ཕུལ་བའི་ཛ་དྲག་གི་འབོད་སྐུལ་ཡིག་ཆ། དེ་བཞིན་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་དམ་པ་དེ་ཉིད་ཀྱི་བདུན་ཚིགས་བདུན་པའི་ཐོག་བཀའ་ཤག་གི་གཏམ་ བཤད་སོགས་སུ་ངོ་སྤྲོད་བྱས་ཟིན་པ་མ་ཟད། བརྙན་ཐུང་བརྒྱུད་ནས་ཀྱང་ངོ་སྤྲོད་བྱས་ཡོད།
རྒྱལ་སྤྱིའི་སྟེང་། རྒྱ་དམར་གཞུང་གི་ཁྲིམས་ཡིག་ཟེར་བ་དེའི་སྐོར་ལ། ཨ་རི་དང་། ཡུ་རོབ་མཐུན་ཚོགས། འཇར་མན་དང་། བེལ་ཇམ། ཁེ་ན་ཌ། དབྱིན་ཡུལ། ཨོ་སི་ཊོ་ལི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། ཉི་འོང་སོགས་གཞུང་དང༌། རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་ འཇུག་པ་བརྒྱད་དང་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཝོལ་ཀར་ཊཱརཀ་ (Volker Türk) ། སོགས་ཀྱིས་གཞུང་ འབྲེལ་གསལ་བསྒྲགས་ཀྱི་ལམ་ནས་ཁྲིམས་ཡིག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྲིམས་ཁག་དང་འགལ་ཡོད་སྐོར་དང་། བཙན་ ཤེད་ཀྱིས་མི་རིགས་བསྲེས་བསྒྱུར་བྱེད་པའི་ལག་ཆ་ཞིག་དང་། རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་ཉེན་ཁ་ཡོད་པ་གསལ་སྟོན་ གནང་ཡོད་པ་དང་།
དེ་བཞིན་ཨ་རི་གྲོས་ཚོགས་གོང་འོག་གཉིས་དང་ཡུ་རོབ་མཐུན་ཚོགས། ཅེག་སོགས་ཀྱི་གྲོས་ཚོགས་སུ་ཁྲིམས་ཡིག་དེར་གདོང་ལེན་བྱེད་དགོས་པའི་གྲོས་ཆོད་བཞག་ཡོད་པ་མ་ཟད། རང་དབང་ལུང་པ་ཉི་ཤུ་རྩ་གྲངས་ཀྱི་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་རྣམ་པས་སེམས་ཚབས་ཆེན་པོས་རྒྱ་དམར་གཞུང་གི་ཁྲིམས་ཡིག་ཟེར་བ་དེར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང༌། ཞིབ་འཇུག་སྡེ་ཁག་བཅུ་ཕྲག་དུ་མས་དཔྱད་རྩོམ་དང་སྙན་ཐོའི་ལམ་ནས་མི་རིགས་རྩ་གཏོར་གྱི་ སྲིད་བྱུས་དེའི་ཉེན་ཚབས་ཐེར་འདོན་གནང་ཡོད་པ་རྣམས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་དམར་གཞུང་གི་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རིམ་ལ་རྒྱབ་ཀྱིས་ཕྱོགས་པའི་བྱ་བྱེད་ལ་མུ་མཐུད་གདོང་ལེན་མཐར་སྐྱེལ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
རྒྱ་དམར་གཞུང་གིས་ཁྲིམས་ཡིག་དེ་ལས་གཞན་ད་དུང། "རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཡིག་”ཟེར་བ་ཞིག་ལ་ཕྱི་ལོ་༢༠༢༥ ཟླ་ ༡༢ ཚེས་ ༢༧ ཉིན་བསྐྱར་བཅོས་བྱས་པ་དེའི་ནང་། སྔོན་འགྲོ་ནས་མཐོ་སློབ་བར་རྒྱ་སྐད་ཐོག་སློབ་འཁྲིད་བྱ་རྒྱུ་དང་། གཞུང་གི་ལས་ཁུངས་དང་མི་མང་འདུ་ས་ཡོངས་སུ་རྒྱ་སྐད་གཙོ་བོར་སྤྱོད་དགོས་པ་མ་ཟད། ལོ་བསྟར་ཆགས་སུ་ཕྱི་ཟླ་༩ ཕའི་ བདུན་ཕྲག་གསུམ་པ་དེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དར་སྤེལ་དྲིལ་བསྒྲགས་ཀྱི་གཟའ་འཁོར་དུ་གཏན་འབེབས་བྱས་ཏེ་ལག་ལེན་བསྟར་བཞིན་ཡོད།
ཕྱི་ལོ་༢༠༢༦ ཟླ་༨ ཚེས་༢༡ ཉིན། བཀའ་ཤག་གིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བརྩི་སྲུང་ཞུ་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ཁྲིམས་ཡིག་དེ་རིགས་ལ་ཁ་གཏད་གཅོག་སྟངས་ཀྱི་ཐབས་ཇུས་ཁག་ཅིག་བཏོན་ཟིན་པ་བཞིན། སྐུ་ཚབ་དོན་གཅོད་དང་། ས་གནས་འགོ་འཛིན་སོ་སོའི་འགན་ཁུར་འོག །བོད་མི་སྒེར་དང་། ཁྱིམ་ཚང་། སློབ་གྲྭ །ཚོགས་སྐྱིད། ལས་འགུལ་བ། བོད་དོན་རྒྱབ་སྐྱོར་བ་བཅས་ཡོངས་སུ་རྫོགས་པ་གདུང་ཤུགས་གཅིག་བསྒྲིལ་གྱིས། གསལ་བསྒྲགས་ནང་གསལ་གྱི་འགན་ཁུར་བྱེད་སྒོ་རྣམས་འཐུས་གཙང་བསྒྲུབས་ཏེ། གཞིས་ལུས་སྤུན་ཟླ་རྣམས་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་བྱེད་ཐུབ་པའི་འབོད་སྐུལ་ཞུ་བཞིན་ཡོད།
བཀའ་ཤག་གི་ངོས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ཞིག་གཏན་འབེབས་བྱས་ཏེ། དེ་རིང་ཡོངས་བསྒྲགས་བྱེད་ཀྱི་ཡོད་པ་དང༌། བརྙན་ཐུང་བརྒྱུད་ནས་ཀྱང་ཡིག་ཆ་དེ་ངོ་སྤྲོད་བྱེད་ཀྱི་ཡོད་པས། ཚང་མས་ཐུགས་སྣང་གནང་སྟེ། ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
ལྷག་པར་དུ་རང་རིགས་གཞོན་སྐྱེས་ཚོས་། བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་བདུན་ཕྲག་གཅིག་ལ་ཉམས་ལེན་བྱས་ནས་བཞག་ཆོག་པ་ཞིག་ཏུ་མི་བརྩི་བར། རང་ཉིད་གཞིས་ལུས་སྤུན་ཟླ་ས་ཡ་བདུན་ལྷག་གི་མགྲིན་ཚབ་པ་ཡིན་པའི་འགན་ཁུར་མ་བརྗེད་པའི་ཐོག །སོ་སོ་རང་ཉིད་ཀྱི་བོད་མིའི་ངོ་བོ་ཉམས་མེད་གཅེས་སྲུང་ཐུབ་པའི་དམ་བཅའ་བརྟན་པོ་བཟུང་སྟེ། བོད་དོན་བདེན་པའི་འཐབ་རྩོད་ལ་ནུས་པ་མཉམ་སྤུངས་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན། རང་ཉིད་མི་རིགས་གཞན་ལ་འཚེ་བ་མེད་པ་དང་བྱམས་བརྩེའི་ལམ་སྣ་འཁྲིད་མཁན་དང༌། འཇིག་རྟེན་ཡོངས་ཀྱི་དོན་ཆེན་ཁུར་དུ་འཁྱེར་ཐུབ་མཁན་གྱི་བོད་མི་ཞིག་ཆགས་རྒྱུའི་སྙིང་སྟོབས་སྐྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སྲིད་སྐྱོང་མཆོག་གིས་གསུངས་སོང་།
བཀའ་ཤག་གི་ངོས་ནས་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་དང་ལམ་སྟོན་ཡིག་ཆའི་ནང་དུ།
ཁྱིམ་ཚང་སོ་སོས་འགན་ཁུར་ཏེ། མི་རབས་གསར་པར་ཕ་སྐད་རྒྱུད་འཛིན་ཐུབ་པའི་རྨང་གཞི་འདིང་དགོས།
བོད་ཀྱི་སྐད་ཡིག་ཡུན་གནས་ཀྱི་རྩིག་རྨང་དང་པོ་ནི། བུ་རབས་ཚ་རྒྱུད་དུ་ཕ་སྐད་ཀྱི་རྒྱུད་པ་མཚམས་མ་ཆད་པར་རྒྱུན་འཛིན་བྱ་ རྒྱུ་དེ་ཡིན་ལ། དེ་ཡང་ཕ་མ་སོ་སོས་རང་ཉིད་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པའི་འགན་ཁུར་བླངས་ཏེ། ཕྲུ་གུར་ཆུང་ངུའི་དུས་ནས་ རང་ཉིད་ཀྱི་ཕ་སྐད་བསླབས་ཏེ་མི་རབས་གསར་པས་མུ་མཐུད་དེ་བོད་སྐད་ཤོད་ཐུབ་པ་བཟོ་དགོས། དེ་ལྟར་ཡོང་བ་ལ།
༡) ཁྱིམ་ཚང་དུ་ནང་མི་མཉམ་འཛོམས་སྐབས་ཕན་ཚུན་བོད་སྐད་ཁོ་ན་ལས་མི་ཤོད་པའི་འགྲིག་ལམ་བཟོ་བ་དང༌། གནས་དུས་གང་དུའང་བོད་རིཌ་ཕན་ཚུན་དབར་སྐད་ཡིག་གཞན་ལ་མ་བརྟེན་པར་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱེད་པ།
༢) སོ་སོའི་ཕྲུ་གུར་བོད་ཀྱི་གནའ་སྒྲུང་དང༌། ལོ་རྒྱུས། རིག་གཞུང་དང་འབྲེལ་བའི་གཏམ་རྒྱུད་སོགས་བཤད་དེ་སྐད་ཡིག་ལ་དོ་སྣང་དང་དགའ་ཞེན་སྤེལ་བ།
༣) བོད་ཡིག་གི་བྱིས་སྒྲུང་དང་། གློག་བརྙན། འགུལ་བརྙན། བྱིས་པའི་གཞས་སོགས་མཁོ་སྤྲོད་བྱས་ཏེ་སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་སྐྲུན་པ།
༤) བོད་ཀྱི་སྲོལ་རྒྱུན་དུས་ཆེན་ཁག་སྲུང་བརྩི་བྱས་ཏེ། ཆོས་ཕྱོགས་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་པ་ཕྲུ་གུའི་རྒྱུད་ལ་འཇགས་ཐབས་བྱེད་པ།
༥) བོད་པའི་སྤྱི་ཚོགས་ཀྱི་ཆོས་རིག་དང་། སྒྱུ་རྩལ་སོགས་འདུ་འཛོམས་ཁག་ཏུ་མཉམ་ཞུགས་བྱས་ཏེ། མི་རབས་གསར་པ་རྣམས་ལ་སྤྱི་ཚོགས་ཁྲོད་སྐད་ཡིག་བེད་སྤྱོད་བྱེད་པའི་གོ་སྐབས་མང་དུ་གཏོང་བ་སོགས་ནི་ཁྱིམ་ཚང་སོ་སོས་སྒྲུབ་ཐུབ་པ་ཞིག་དང་། སྒྲུབ་དགོས་པ་ཞིག་ཡིན།
སློབ་གྲྭ་སོ་སོས་འགན་ཁུར་ཏེ། སློབ་ཕྲུག་རྣམས་གཞི་རིམ་སློབ་གྲྭ་ཐོན་མཚམས་བོད་ཡིག་བཀོལ་སྤྱོད་རང་སྐྱ་འཕེར་བ་བཟོ་ཐབས།
༡) སྐད་ཡིག་གཞན་བཀོལ་སྤྱོད་དགོས་པའི་གནས་སྟངས་དམིགས་བསལ་ཕུད། སློབ་གྲྭ་ཁག་གི་གཞུང་འབྲེལ་སྐད་ཡིག་གཙོ་བོ་བོད་ཡིག་ཡིན་པའི་སྲིད་བྱུས་རྒྱུན་འཛིན་བྱ་རྒྱུ།
༢) བྱིས་པ་ཚོའི་སྐད་ཡིག་གི་བློ་གཤོག་རྒྱས་པའི་དུས་ཚིགས་ཡག་ཤོས་ནང་། ཕ་སྐད་ལ་བརྟེན་ནས་བསམ་བློ་གཏོང་བ་དང་། བརྡ་སྤྲོད་བྱེད་ཐུབ་པའི་རྨང་གཞི་བརྟན་པོ་བཟོ་སླད། སྔོན་འགྲོའི་སློབ་གྲྭར་སྐད་ཡིག་གཞན་སློབ་གཉེར་དང་བཀོལ་སྤྱོད་རྩ་བ་ནས་མི་དགོས།
༣) གཞི་རིམ་འོག་མའི་འཛིན་རིམ་ཆ་ཚང་ལ་སློབ་ཁྲིད་སྐད་ཡིག་གཙོ་བོ་བོད་སྐད་བརྒྱུད་བསླབ་རྒྱུ་དང་། གཞི་རིམ་བར་མའི་སློབ་དེབ་ཡོངས་རྫོགས་བོད་ཡིག་ཐོག་སློབ་ཁྲིད་བྱ་རྒྱུ།
༤) སློབ་གྲྭ་ནང་ཁུལ་ལམ། སློབ་སྡེ་ཕན་ཚུན་དབར་དུས་མཚམས་སོ་སོར་བོད་སྐད་ཀྱི་བགྲོ་གླེང་དང་གཏམ་བཤད་གོ་སྒྲིག །ཡིག་གཟུགས་དང་། རྩོམ་ཡིག །གཏམ་བརྗོད། སྒྱུ་རྩལ། སྙན་ངག་གྱེར་འདོན་སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ཏེ། སློབ་གྲྭའི་ནང་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་མང་དུ་གཏོང་རྒྱུ།
༥) ལྟ་གྲུབ་དགེ་རྒན་རྣམ་པས་སློབ་ཕྲུག་ཚོར་རིགས་ལམ་དང་ནང་ཆོས་ངོ་སྤྲོད། རིག་གཞུང་སློབ་གཉེར་ཐོག་ལམ་སྟོན་གནང་རྒྱུར་གོ་སྐབས་བསྐྲུན་ཐབས།
༦) བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྒྱུ་རྩལ་བཅས་པའི་མཁས་པ་གདན་ཞུས་ཀྱིས། སློབ་ཕྲུག་ཚོར་སྤྲོ་སྣང་སྤེལ་ཐབས་དང་། སློབ་ཕྲུག་གི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱ་རྒྱུ།
བོད་མི་འདུ་སྡོད་བྱ་ཡུལ་སྤྱི་ཚོགས་ཀྱིས་འགན་ཁུར་ཏེ། སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ ཁོར་ཡུག་སྤུས་གཙང་ཞིག་སྐྲུན་ཐབས།
༡) ཕྱིའི་སློབ་གྲྭ་འགྲིམས་མཁན་ཚོར་དམིགས་ཏེ། གཟའ་མཇུག་དང༌། གུང་གསེང་སྐབས་བོད་ཡིག་གི་འཛིན་གྲྭ་ཆེད་འཛུགས་ཐུབ་ཐབས།
༢) བོད་སྐད་འདི་སྐད་ཡིག་གཉིས་པ་ཡིན་པའི་ཕྲུ་གུ་ཚོར་བོད་སྐད་ཀྱི་ཉན་ཀློག་འབྲི་ཤོད་ཐད་སློབ་ཁྲིད་སྤུས་དག་ཡོང་ཐབས་སུ། དགེ་རྒན་ཚོར་སློབ་ཁྲིད་ཀྱི་ཐབས་རྩལ་སྦྱོང་བརྡར་དང་། ཆེད་ལས་མཁས་པ་གདན་ཞུས་ཀྱིས་ལམ་སྟོན་ཞུ་རྒྱུ།
༣) བོད་རིགས་གྲངས་འབོར་ངེས་ཅན་འདུ་གནས་ཁག་ཏུ་བོད་སྐད་འདི་སྐད་ཡིག་གཉིས་པ་ཡིན་པའི་བོད་ཕྲུག་ཚོར་རང་རིགས་རྒན་རབས་པ་བོད་སྐད་གཙང་མ་སྐྱོན་མཁན་དང་མཉམ་དུ་དུས་ཚོད་ངེས་ཅན་རིང་བོད་སྐད་སྦྱོང་བའི་ལས་འཆར་སྤེལ་ཐབས་བྱ་རྒྱུ།
༤) སློབ་ཕྲུག་ལ་དམིགས་པའི་བོད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་ཅི་རིགས་སྦྱོར་ཐབས་སུ། སློབ་ཁྲིད་ཀྱི་རྣམ་པ་ཁོ་ན་མ་ཡིན་པར། ངལ་གསོ་བ་དང་། ལྟད་མོར་ལྟ་བ། རྩེད་མོ་རྩེ་བ་སོགས་བྱེད་སྒོ་ཡོངས་རྫོགས་བོད་སྐད་ཁོ་ནའི་ལམ་ནས་འགྲོ་ཐུབ་པའི་མཐུན་རྐྱེན་འཚོལ་སྒྲུབ།
༥) གཞིས་ཆགས་དང་བོད་མི་འདུ་གནས་ཀྱི་ཁོར་ཡུག་ནང་སྒོ་བྱང་དང་། ལམ་རྟགས། ཁྱབ་བསྒྲགས་སོགས་དང་། སྤྱི་པའི་ཁོར་ཡུག་ཏུ་བོད་ཡིག་གཙོ་བོར་འགོད་རྒྱུ།
༦) ལྷག་དཀར་དང་བསྟུན་ཏེ་སྒོར་གཞས་སོགས་འདུ་འཛོམས་འདྲ་མིན་སྐབས་བོད་ཡིག་གི་གཞས་ཚིག་སློབ་སྦྱོང་དང་། བོད་སྐད་གཙང་མ་ཤོད་རྒྱུར་སྐུལ་འདེད།
༧) སྤྱི་ཚོགས་དྲ་ལམ་བཀོལ་སྤྱོད་བྱེད་མཁན་ཚོས། བོད་ཡིག་བཀོལ་སྤྱོད་ལ་ཐུགས་སྣང་ཐོག །དྲ་མིང་དྲ་བྱང་དུ་བོད་ཡིག་གམ། བོད་ཡིག་དང་སྐད་ཡིག་གཞན་ཤན་སྦྱར་དུ་འགོད་ཐབས།
༨) དྲ་ལམ་དུ་བོད་སྐད་སྨྲ་བརྗོད་བྱེད་མཁན་ཤུགས་རྐྱེན་ལྡན་པ་ཚོས། བོད་སྐད་གཙང་མ་སྐྱོན་ཐབས་དང་། བོད་ཡིག་བཀོལ་སྤྱོད་བྱ་རྒྱུ།
༩) ལུས་རྩལ་འགྲན་བསྡུར་དང༌། རིག་རྩལ་དགོང་ཚོགས་སོགས་འདུ་འཛོམས་དང་མཛད་སྒོ་ཁག་གི་རྒྱབ་ལྗོངས་དང༌། འཕྲེད་དར་ཐོག་བོད་ཡིག་གཙོར་འདོན་དང་། བོད་སྐད་ཀྱིས་མདོ་འཛིན་བྱེད་གལ།
༡༠) གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ནས་བོད་ཀྱི་སྐད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ལ་ཕན་པའི་ལས་འགུལ་ཅི་རིགས་སྤེལ་ཐབས་དགོས་གལ།
ཤེས་རིག་ལས་ཁུངས་ནས་འགན་ཁུར་ཏེ། གཞི་རིམ་སློབ་ཐོན་པ་རྣམས་བོད་ཀྱི་སྐད་ཡིག་རང་སྐྱ་འཕེར་བ་དང་། བཙན་བྱོལ་སྦྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་བོད་ཡིག་གི་མཐོ་རིམ་སློབ་ཐོན་པ་སྐྱེད་སྲིང་ཐུབ་ཐབས་སྣེ་ཁྲིད་སྐུལ་འདེད་བྱ་རྒྱུ།
༡) གཞི་རིམ་སློབ་གྲྭ་མཐར་སོན་སྐབས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་རང་སྐྱ་འཕེར་ཐུབ་ངེས་ཀྱི་དམིགས་ཚད་གཞིར་བཟུང་། སློབ་དེབ་རྩོམ་སྒྲིག་དང་སློབ་ཚན་བཀོད་སྒྲིག་བྱས་ཏེ། སློབ་སྡེ་ཁག་ཚང་མས་ལག་བསྟར་མཇུག་སྐྱོང་འཐུས་ཚང་ཡོང་གི་ ཡོད་མེད་བྱ་ར་དཔྱད་ཞིབ་དང་། ལམ་སྟོན་རྟིང་སྐུལ་བྱ་རྒྱུ། ) སློབ་གྲྭ་ཁག་ཏུ་གཞི་རིམ་གོང་མའི་སློབ་ཚན་རྣམས་བོད་སྐད་ཀྱིས་སློབ་ཁྲིད་བྱེད་ཐུབ་པའི་དགེ་རྒན་གསོ་སྐྱོང་སླད། མཐོ་རིམ་སློབ་ཡོན་དང་། ཟུར་བཅད་ཞབས་སྟེགས། དགེ་རྒན་གྱི་ཕོགས་ཐོབ་བཅས་ཕྱོགས་ཡོངས་ནས་ལག་བསྟར་གྱི་འཆར་གཞི་རིམ་པས་གཏན་འབེབས་བྱ་རྒྱུ།
༣) ཞིབ་འཇུག་ཚད་ལྡན་བྱས་པ་བརྒྱུད། གཞི་རིམ་འོག་མའི་འཛིན་རིམ་མཐོ་བའམ། གཞི་རིམ་བར་མ་ནས་བཟུང་རིགས་ལམ་ སློབ་ཁྲིད་བྱ་རྒྱུའི་ལམ་ལུགས་གཏན་འབེབས་བྱ་རྒྱུ་དང་། སློབ་ཚན་གཞན་དག་ཀྱང་རིགས་ལམ་གྱི་ལམ་ནས་སློབ་ཁྲིད་ཐུབ་ཐབས་སུ། དགེ་རྒན་ཚོར་སྦྱོང་བརྡར་སྤྲོད་རྒྱུ།
༤) སློབ་ཚན་རྣམས་དགེ་རྒན་རྐྱང་པར་བརྟེན་པ་མ་ཡིན་པར། ཕན་ཚུན་མཉམ་ཞུགས་ཚུལ་གྱི་སྨྱན་སྦྱོར་འཕྲུལ་རྩལ་གྱི་སློབ་ཁྲིད་ཡོ་ཆས་དང་། གྲངས་རིག་ཅན་གྱི་སློབ་སྦྱོང་མཉེན་ཆས་གསར་གཏོད་བྱས་ཏེ། སློབ་ཚན་ཁོངས་ཡོད་པའི་ནང་དོན་རྣམས་དེང་རབས་ཀྱི་འཚོ་བའི་ཁོར་ཡུག་ནས་མངོན་ཐུབ་ཐབས་བྱ་རྒྱུ།
༥) མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་གི་སྡོད་ཁང་དུ་བོད་ཡིག་སློབ་གཉེར་གྱི་གོ་སྐབས་སྐྲུན་ཐབས།
༦) མཐོ་སློབ་ཁག་ཏུ་ཁ་འཐོར་དུ་གནས་པའི་སློབ་ཕྲུག་ཚོར་བོད་ཡིག་སློབ་སྦྱོང་གི་མཐུན་འགྱུར་སྦྱོར་ཐབས།
༧) བོད་ཡིག་གི་སློབ་ཚན་ཡོད་པའི་མཐོ་སློབ་ཁག་ལ་ངོས་འཛིན་དང་མཐུན་འགྱུར།
༨) བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རིགས་གཅིག་རྐང་འཛིན་བྱེད་པའི་སྒྲིག་ཞུགས་སམ་སྒྲིག་ཞུགས་མ་ཡིན་པའི་མི་སྣ་གསོ་སྐྱོང་ཆེད་དམིགས་བསལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་རྒྱུ།
༩) ལོ་ལྟར་ས་གནས་རེས་མོས་ཀྱིས་བོད་ཀྱི་སྐད་ཡིག་གཅེས་སྲུང་ལ་དམིགས་པའི་སློབ་ཕྲུག་གི་འདུ་འཛོམས་སྣ་ཚོགས་འཆར་འགོད་གོ་སྒྲིག་བྱ་རྒྱུ།
༡༠) བོད་ཀྱི་བརྡ་སྤྲོད་དང༌། སྐད་ཡིག་གི་གོམས་གཤིས་དང་མཐུན་པར། གཙོ་ཆེར་སྤྱི་ཚོགས་ཚན་རིག་གི་དེང་རབས་ཐ་སྙད་དང་། དེ་བཞིན་དུ་རང་བྱུང་ཚན་རིག་གི་ཐ་སྙད་གཏན་འབེབས་དང་། ཁྱབ་གདལ་ལ་ཤུགས་སྣོན་རྒྱག་རྒྱུ།
༡༡) རང་རེ་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་རིག་ཚན་དང་ཆེད་ལས་གང་ཡིན་ཞིབ་འཇུག་བྱས་པའི་གྲུབ་དོན་གཞིར་བཟུང་མཐོ་སློབ་ལ་ཞུགས་མཁན་ཚོར་མདུན་ལམ་སློབ་སྟོན་བྱ་རྒྱུ།
༡༢) མི་སྒེར་དང་། ཚོགས་སྡེ་ཁག་གིས་བོད་ཡིག་སློབ་གཉེར་དང་བཀོལ་སྤྱོད་ཀྱི་ལས་འགུལ་ནུས་ལྡན་སྤེལ་མཁན་ལ་གཟེངས་བསྟོད་དང་མཐུན་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས།
༡) བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་མུ་མཐུད་ལག་བསྟར་རྒྱུན་འཁྱོངས་བྱ་རྒྱུ།
༢) བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐད་ཡིག་བོད་ཡིག་ཡིན་པའི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་བྱས་ཏེ། གཞུང་འབྲེལ་ཡིག་འབྲེལ་དང་ཡིག་ཆ། གསལ་བསྒྲགས་སོགས་བོད་ཡིག་གཙིགས་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ།
༣) གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ལ་བོད་ཡིག་བཀོལ་སྤྱོད་དགོས་པའི་སྐུལ་མ་བྱ་རྒྱུ།
༤) བོད་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་བཞིན་པའི་མཐོ་སློབ་ཁག་ལ་མཐུན་འགྱུར་དང་། བོད་ཀྱི་རིག་གནས་ཐོག་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་ལ་སྐུལ་འདེད་བྱ་རྒྱུ།
༥) ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ཕྲུག་ཚོའི་ཆེད་དུ་དམིགས་བསལ་སློབ་གྲྭ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
༦) བོད་ཀྱི་ཆོས་རིག་དང་། སྐད་ཡིག་སློབ་གཉེར་གྱི་དབྱར་སྒར་དང་། དྲ་ཐོག་སློབ་ཁྲིད་བྱེད་མཁན་ལ་མཐུན་འགྱུར་སྦྱོར་ཐབས་བྱ་རྒྱུ།
༧) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར། རང་རེའི་སློབ་སྡེ་ཁག་ཏུ་སྒྲིག་ཞུགས་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དང་། ཡུལ་མིའི་སློབ་ཕྲུག་རྣམས་ལ་གཞི་རིམ་ཤེས་ཡོན་གྱི་མཐུན་རྐྱེན་གཅིག་མཚུངས་མུ་མཐུད་སྦྱར་རྒྱུ།
༨) ཆེད་ལས་མཁས་པ་ལས་གྲུབ་པའི་ཚོགས་ཆུང་ཆེད་བཙུགས་ཀྱིས། བོད་ཀྱི་སྐད་ཡིག་ཐོག་བྱས་རྗེས་གཟེངས་ཐོན་བཞག་པའི་རྩོམ་པ་པོ་དང་ལོ་ཙཱ་བ། དགེ་རྒན། ལས་འགུལ་བ། ཕ་མ་བཅས་པར་གཟེངས་རྟགས་སྤྲོད་ལམ་བཟོ་རྒྱུ།
༩) བོད་ཀྱི་རིག་གནས་བཅུ་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤིས་བཅས་པའི་སྣ་འདུས་ཀྱི་བོད་ཡིག་དྲ་ཚིགས་ཚད་ལྡན་ཞིག་བཟོ་སྐྲུན་བྱེད་ཐབས།
༡༠) དེང་རབས་སྨྱན་སྦྱོར་དང་འཕྲུལ་རིག་ནང་བོད་ཡིག་བཀོལ་སྤྱོད་ཁྱབ་སྤེལ་ཡོང་ཐབས་ལ་སྣེ་ཁྲིད་དང་། སྐུལ་འདེད་ཀྱིས། བོད་ཡིག་གཏགས་འཇུག་དང་། ཡིག་སྒྱུར། སྒྲ་འཛིན་ (Speech Recognition) དང་ཡིག་འཛིན་ (OCR) སོགས་རིག་ནུས་ཅན་གྱི་མཉེན་ཆས་མ་ལག་གསར་གཏོད་ལ་མཐུན་འགྱུར་བྱས་ཏེ། བོད་ཡིག་བེད་སྤྱོད་གཏོང་རྒྱུར་སྟབས་བདེ་བཟོ་ཐབས།
སྲིད་བྱུས་ལག་བསྟར་དང་། མཐའ་སྡོམ།
བོད་ཀྱི་ཆོས་རིག་དང་། ཤེས་ཡོན། སྐད་ཡིག་ཐོག་མཁས་མྱོང་ཅན་གྱི་མི་སྣ་གསུམ་མམ་ལྔ་ལས་གྲུབ་པའི་བོད་ཀྱི་སྐད་ཡིག་ གཅེས་སྲུང་ཚོགས་ཆུང་ཞིག་བཙུགས་ཏེ། ཤེས་ཡོན་ལྷན་ཚོགས་དང་མཉམ་རུབ་ཀྱིས་ལོ་ལྟར་སྐད་ཡིག་སྲིད་བྱུས་འདི་ལག་ བསྟར་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱས་པའི་སྙན་ཐོ་འདོན་སྤེལ་བྱ་རྒྱུ།
རྒྱ་དམར་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གཉེར་དང་བཀོལ་སྤྱོད་བཀག་སྡོམ་གྱི་སྲིད་བྱུས་དེར་དུས་ཡུན་ངེས་ཅན་ནང་མཇུག་འབྲས་ཇི་ལྟར་ཐོན་མིན་ནི། གཞིས་བྱེས་བོད་མི་ཚོས་ངན་ཇུས་དེ་ལམ་དུ་མི་འགྲོ་བའི་ཁ་གཏད་གདོང་ལེན་ཇི་ལྟར་བྱེད་ཐུབ་མིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་བདེན་པའི་དཔུང་རོགས་ཅི་ཙམ་བྱེད་ཐུབ་མིན་ལ་རག་ལས་ཡོད་པས། བོད་མི་སྒེར་སོ་སོས་བོད་ཀྱི་སྐད་ཡིག་གི་རིན་ཐང་ལ་ངོས་འཛིན་ཐུབ་པའི་ཐོག་ནས་གཅེས་འཛིན་གྱི་འགན་ཁུར་ལེན་དགོས་པ་དང་། རྒྱལ་སྤྱིའི་རྣ་ལམ་དུ་བོད་མིའི་བདེན་པའི་སྐད་སྒྲ་ཐོས་ཐུབ་པ་བྱེད་གལ་བཅས། བཀའ་ཤག་ནས་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ ཉིན། ། ཞེས་བཀོད་འདུག