ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༡ ཉིན། བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་༢༤་ཡིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་བཤིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་༸གོང་ས་མཆོག་ལ་ཀརུཎ་རཏྣ་(Karuna Ratna)ཞེས་པའི་འབུལ་ལམ་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་ལྡི་ལི་བོད་ཀྱི་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) ལགས་བཅས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་གཙུག་ལག་ཁང་གི་གསུང་ཆོས་ར་བའི་སྡིངས་ཆར་ཆིབས་བསྒྱུར་བསྐྱངས་སོང་།
བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་དང་། རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཚོགས་མི་བཅོ་ལྔ་ཙམ་གྱིས་མཇལ་ཁ་ཞུས་སོང་།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས་གུས་འདུད་འཚམ་འདྲི་དང་བཅས་གསུང་བཤད་གནང་དོན། རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉི་ཤུ་རྩ་བཞིའི་ཁྱིམ་ཚང་ཆེན་མོ་དང་། གྲོགས་པོ་དང་བཟང་སེམས་ཅན་མང་པོས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་༸གོང་ས་མཆོག་གི་སྐུ་ཚེ་བརྟན་ཅིང་། སྐུ་གཟུགས་བདེ་ཐང་། སེམས་ཅན་ཐམས་ཅད་ལ་ཕན་པའི་སྙིང་རྗེ་རྒྱུན་ཆད་མེད་པར་གནས་པའི་གསོལ་འདེབས་ཟབ་མོ་འབུལ་རྒྱུ་ཡིན། ༸གོང་ས་མཆོག་ནི་འགྲོ་བ་མིའི་རིགས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་གནས་པར་ཤོག ཅེས་དང་།
ཕྱི་ལོ་ ༡༩༧༧ ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་བསྡུའི་ནང་རྒྱ་གར་དབུས་གཞུང་གསར་པ་ཞིག་ཆགས་པ་དང་། ང་རང་ལོ་ན་གཞོན་པའི་གྲོས་ཚོགས་འཐུས་མི་ཞིག་ཏུ་འོས་འདེམས་བྱུང་ཡོད། ཕྱི་ལོ་༡༩༧༧ ཟླ་ ༣ པའི་ནང་སིམ་ལའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཆ་ཏ་བྷ་དུར་ཅེ་ཏྲི་དང་ངེད་གཉིས་ཀྱིས་དྷ་རམ་ས་ལར་༸གོང་ས་མཆོག་མཇལ་ཁ་ཞུ་བའི་གོ་སྐབས་བྱུང་། ༸གོང་ས་མཆོག་གིས་དུས་ཚོད་འོས་འཚམ་ཞིག་ལ་གསར་དུ་བཙུགས་པའི་དབུས་གཞུང་དང་འབྲེལ་བ་བྱེད་རྒྱུ་དོན་སྙིང་ལྡན་པ་ཞིག་ཡིན་པར་གསུངས་པ་དང་། བཀའ་ཤག་གིས་ཀྱང་དེ་ལྟར་བཞེད་ཡོད།
དེ་ནས་ངེད་གཉིས་ལྡི་ལིར་ཕྱིར་ལོག་རྗེས་སྲིད་བློན་དང་དབུ་ཁྲིད་གཞན་དག་ལ་གནས་ཚུལ་དེ་བརྒྱུད་བསྒྲགས་བྱས་པ་དང་། དེའི་རྗེས་༸གོང་ས་མཆོག་གྲོས་ཚོགས་ཀྱི་དབྱར་ཁའི་ཚོགས་འདུའི་སྐབས་མཇལ་འཕྲད་གནང་རྒྱུར་གོ་སྒྲིག་བྱས། དེར་བརྟེན། ཕྱི་ལོ་༡༩༧༧ ཟླ་ ༧ པའི་ནང་༸གོང་ས་མཆོག་གིས་སྲིད་བློན་དང་དབུས་གཞུང་གི་དབུ་ཁྲིད་གཞན་དག་དང་མཇལ་འཕྲད་གནང་།
དེ་དུས་ང་རང་ཨ་རུ་ན་ཅལ་མངའ་སྡེ་ནས་གྲོས་ཚོགས་འཐུས་མི་གཞོན་པ་ཞིག་ཡིན་པའི་ཆ་ནས་འབྲེལ་བ་གལ་ཆེན་དེ་མཐུན་སྦྱོར་བྱེད་ཐུབ་པར་དགའ་སྤོབས་ཆེན་པོ་ཡོད། དེ་རིང་ཡང་བློ་སེམས་གཅིག་སྒྲིལ་དང་ཚོར་བ་ཟབ་མོའི་ངང་ནས་ང་ཚོས་བསྐྱར་དུ་དམ་བཅའ་འདི་དག་འབུལ་རྒྱུ་ཡིན། ཞེས་དང་། གོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་ཚོས་བོད་རྒྱ་ཞི་མོལ་དང་། བོད་དོན་དང་འབྲེལ་བའི་ཐོག་དམ་བཅའ་དོན་ཚན་གསུམ་ཅན་ཞིག་ཞུས་སོང་། དེ་དག་ནི་གཤམ་གསལ་ཡིན།
༡། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དབར་གྱི་གྲོས་མོལ་མཚམས་ཆད་པ་སླར་གསོ་ཡོང་ཐབས་སུ་བརྩོན་པ་ཆེར་བསྐྱེད་བྱ་རྒྱུ།
༢། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་གསལ་བསྒྲགས་གནང་བའི་བསྒྲགས་གཏམ་ལྟར། དུས་རབས་མང་པོའི་སྲོལ་རྒྱུན་ལྡན་པའི་༸རྒྱལ་བའི་ཡང་སྲིད་ཀྱི་ལམ་ལུགས་མུ་མཐུད་གནས་རྒྱུ་ཡིན་པར་ངོས་འཛིན་དང་། གུས་བརྩི། སྲུང་སྐྱོབ་བྱ་རྒྱུ། ཕྱི་རོལ་གྱི་ཐེ་བྱུས་གང་ཡང་མེད་པར་བྱ་རྒྱུ།
༣། རྒྱལ་སྤྱིའི་སྡིངས་ཆ་གང་སར་བོད་ཀྱི་བདེན་དོན་དང་བོད་མིའི་རེ་འདུན་མུ་མཐུད་གསོན་པོར་གནས་ཐབས་སུ་འགྱུར་བ་མེད་པའི་ལྷག་བསམ་གྱིས་འབད་བརྩོན་བྱ་རྒྱུ། ཞེས་དམ་བཅའ་ཕུལ་སོང་།
དེ་རྗེས་༸གོང་ས་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲན་རྟེན་དཔེ་དེབ་དབུ་འབྱེད་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་མས་༸གོང་ས་མཆོག་ལ་ཀརུཎ་རཏྣ་(Karuna Ratna)ཞེས་པ་འབུལ་ལམ་ཞུས་ཤིང་། དེ་མཚམས་ཨ་རུ་ན་ཅལ་མངའ་སྡེ་ནས་ཡོང་བའི་བུད་མེད་སྒྱུ་རྩལ་པ་ཚོས་མི་རིགས་ཆེ་ཁག་དྲུག་གི་སྲོལ་རྒྱུན་དང་། གྱོན་ཆས། ཤུལ་བཞག་བཅས་མཚོན་པའི་གནའ་བོའི་ཞབས་བྲོ་གཟིགས་འབུལ་དང་། ཏ་མིལ་ན་ཌུ་(Tamil Nadu)མངའ་སྡེ་ནས་ཡོང་བའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ཀ་ལི་(Kali)ཞེས་པ་འཚེ་མེད་ཞི་བའི་ལྟ་བ་མཚོན་པའི་རྒྱ་གར་ལྷོ་ཕྱོགས་ཀྱི་གནའ་བོའི་ཟློས་གར་གཟིགས་འབུལ་གྱིས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་མཚམས་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༤༥༠ བརྒལ་བར་མཇལ་ཁ་བསྩལ་སོང་།