ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡༣ ཉིན། བོད་མི་ཚོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་བསྟུན། རིན་པོ་ཆེ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་བའི་བདེན་དཔང་གི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་། སྐབས་དེར། ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག མི་རིགས་བཅས་ལ་བཞག་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་། ཁོང་གི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་ཞུས་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཐོག བཞུགས་སྒར་དྷ་རམ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཞབས་ཞུ་ཚོགས་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་བསྟུན། རིན་པོ་ཆེ་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་བའི་བདེན་དཔང་གི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།
སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་དང་ཉི་མ་ལྷ་མོའི་དཔེ་དེབ་དབུ་འབྱེད་བྱེད་སྒོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་དངོས་སློབ་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས། རྩོམ་པ་པོ་དང་ཉམས་ཞིབ་པ་རྡོ་རྗེ་རིན་ཆེན་ལགས་བཅས་ཕེབས་ནས་གཏམ་བཤད་གནང་སོང་། སྐབས་དེར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དགེ་ཕྲུག་དང་སློབ་མ། དྷ་ས་ཁུལ་གྱི་ཚོགས་པ་ཁག་གི་སྐུ་ཚབ་དང་བོད་མི་ཁྱོན་༥༠ ལྷག་ཕེབས་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བདེན་དོན་གླེང་བའི་གཏམ་ཞེས་པའི་དབྱིན་ཇི་ནང་བསྒྱུར་བའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་། དེབ་འདི་ནི་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཉེས་པ་གང་ཡང་མེད་པར་འཛིན་བཟུང་བྱས་པ་དང་། ཁོང་གིས་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་མྱངས་ཚུལ། ཁོང་གི་སློབ་མ་དང་ས་གནས་བོད་མི་རྣམས་ཀྱིས་ཁོང་གློད་གྲོལ་ཡོང་བར་ཞུ་གཏུག་བྱས་ཚུལ། རྒྱ་གཞུང་གིས་ཞི་བའི་ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ཚུལ། བོད་མི་རྣམས་རྒྱ་ནག་གི་དབང་འཛིན་པས་རྡུང་རྡེག་དང་འཛིན་བཟུང་བྱས་ཚུལ་དང་། མཐར་ཁོང་རྒྱ་ནག་གིས་བཀྲོངས་ཚུལ། རྒྱ་ནག་གི་དབང་འཛིན་པས་རིན་པོ་ཆེ་འཆི་རྐྱེན་འཛམ་གླིང་ལ་ཤེས་རྟོགས་ཡོང་བར་དོགས་ནས་ཁོང་གི་སྐུ་ཕུང་ཁོང་གི་ནང་མིར་ཕྱིར་སྤྲད་མ་བྱས་ཚུལ། རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་དང་བོད་མི་གཞན་དག་བཀག་ཉར་དང་མནར་གཅོད་བཏང་ཚུལ། ཁོང་མོས་རྒྱ་ནག་གི་བཙོན་ཁང་མདུན་དུ་རང་ལུས་མེར་སྲེག་གཏོང་ཐབས་བྱས་ཚུལ་སོགས་ཀྱི་སྐོར་ཡིན་འདུག
དེ་ནས་དགེ་བཤེས་ཚེ་རིང་རྡོ་རྗེ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་རྒྱ་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་བཅུ་གཅིག་འཁོར་བའི་རྗེས་དྲན་ཉིན་མོ་ཁ་སང་རེད། དེ་རིང་དཔེ་དེབ་དབུ་འབྱེད་དང་སྟབས་བསྟུན་ནས་རིན་པོ་ཆེ་མཆོག་རྗེས་དྲན་གནང་གི་ཡོད། རིན་པོ་ཆེ་མཆོག་གིས་ང་རྒྱ་གར་མ་འོངས་གོང་གསུངས་པའི་གསུང་མཐའ་མ་ནི་ང་བཙན་བྱོལ་དུ་སོང་རྗེས་ཆོལ་ཁ་ཆོས་ལུགས་ཀྱི་མཐུན་སྒྲིལ་ལ་གནོད་པའི་ལས་བྱ་མི་རུང་བསླབ་བྱ་རེད། ད་ལྟའི་གནས་སྟངས་འདིར་ཧ་ཅང་གནད་གལ་ཆེན་པོ་ཆགས་འདུག ཅེས་གསུངས་སོང་།
རྡོ་རྗེ་རིན་ཆེན་གྱིས་བརྗོད་དོན། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གོང་འཕེལ་གཏོང་ཆེད་དགོན་པ་དགུ་བཙུགས་པ་དང་། དྭ་ཕྲུག་དང་བྱིས་པ་གཞན་དག་ལ་སློབ་གྲྭ་བཙུགས་པ། བོད་ཀྱི་ཉམས་ཞན་པའི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གནང་ཡོད། རྒྱ་གཞུང་གིས་བོད་ཀྱི་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་མི་སྣ་སྟེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ། དགེ་བཤེས་བསོད་ནམས་ཕུན་ཚོགས་སོགས་དཀར་མཛེས་ནས་ལྐོག་གསོད་བྱེད་ཐབས་བྱས་པ་དང་། དེ་བཞིན་བོད་ཀྱི་ས་ཁུལ་གཞན་དག་ཏུའང་དེ་ལྟར་བྱས་ཡོད། འདི་དག་ནི་བོད་མི་རིགས་དང་། རིག་གཞུང་། ངོ་བོ། ཆོས་ལུགས་བཅས་མེད་པར་བཟོ་བར་དམིགས་པའི་རྒྱ་ནག་དམར་ཤོག་གཞུང་གི་གཉའ་གནོན་གྱི་སྲིད་བྱུས་ཤིག་ཡིན། ཞེས་འགྲེལ་བརྗོད་གནང་སོང་།
ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་སྙིང་སྟོབས་སྐོར་ནས་གསུང་དོན། བོད་ཀྱི་སྐུ་ཚབ་ཐོག་མར་བོད་ལ་ཕེབས་སྐབསྲ རིན་པོ་ཆེ་མཆོག་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་ལ་གསང་བའི་ཐུག་ནས་སྐབས་དེར་ཁོང་གིས་ལི་ཐང་དགོན་པ་གཏོར་བཤིག་བཏང་བའི་དངོས་ཡོད་གནས་ཚུལ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆོས་དད་རང་དབང་ལ་དམ་དྲག་ཤུགས་ཆེ་བྱས་པ་སྐོར་གྱི་དཔང་རྟགས་ཁག་གཅིག་སྤྱན་འབུལ་ཞུས་ཡོད་པ་རེད། དེ་བཞིན་རིན་པོ་ཆེ་མཆོག་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་སྟེ་ལི་ཐང་གི་གནས་སྟངས་དང་དགོན་པ་གསར་བཞེངས་སྐོར་ལ་བཀའ་བསྡུར་གནང་ཡོད་པ་རེད། ཁོང་གི་སྙིང་སྟོབས་ནི་ང་ཚོ་ཚང་མས་རྗེས་སུ་ཡིད་རང་ཞུ་དགོས་པ་ཞིག་རེད།
ཚོགས་གཙོ་མཆོག་གིས་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མཆོག་གིས་ཤེས་ཡོན་དང་། ཁོར་ཡུག་སྲུང་སྐྱོབ། སྤྱི་ཚོགས་བདེ་དོན་བཅས་ལ་གནང་བའི་མཛད་རྗེས་དང་། ཁོང་གི་རྒྱལ་གཅེས་ལྷག་བསམ་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བཅས་ལ་བསྔགས་བརྗོད་གནང་སོང་།
མཐའ་མར། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་བརྙན་ཐུང་བརྒྱུད་ནས་གཏམ་བཤད་གནང་དོན། དཔེ་དེབ་འདི་ནི་བོད་ནང་དངོས་ཡོད་གནས་ཚུལ་རྟོགས་དེབ་ཅིག་ཡིན། བོད་མི་ཚོས་གང་མང་མང་ཀློག་ཐུབ་པའི་རེ་བ་ཞུ་ཡི་ཡོད། ཅེས་བརྗོད་སོང་།