27
Fri, Mar
11 རྩོམ་གསར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༥ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་མཆོག་ལ་བོད་པའི་ཚོགས་པ་གསུམ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༥ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་གཙང་ཆོལ་ཁའི་དབུས་ས་གཉིས་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ། མང་ཡུལ་སྐྱིད་གྲོང་སྐྱིད་སྡུག་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། ༸གོང་ས་མཆོག་གི་བཀའ་དྲིན་མཚོན་བྱེད་དུ་དབུས་གཙང་ཆོལ་ཁ་ནས་འཇིག་རྟེན་ཀུན་ཁྱབ་གཟེངས་བསྟོད་ཞེས་པ་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་ནས་ནོར་བུའི་ཕྲེང་བ་ཅེས་པའི་གཟེངས་རྟགས་འབུལ་བཞེས་གནང་སོང་།

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་༨།༣༠་ཡས་མས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བ་ཕོ་བྲང་ནས་གཙུག་ལག་ཁང་དུ་ཕེབས་གནང་སོང་། ཚོགས་པ་གསུམ་གྱི་སྐུ་ཚབ་ཁག་ནས་སྤོས་སྣེས་མདུན་བསུ་དང་། རྣམ་གྲྭས་སྤྱན་རྒྱ་དང་བཅས་ཕེབས་བསུ་དང་བཅས་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་དང་འབྲེལ་༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་སོགས་རིམ་པར་གསུངས་ཏེ་བརྟན་བཞུགས་དབུ་འཛུགས་མཛད་སོང་།

བརྟན་བཞུགས་དངོས་གཞིན་བླ་མ་ལྷར་བསྐྱེད་དང་མཆོད་བསྟོད་ཚེ་འགུགས་སོགས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས་པ་དང་། གསོལ་འདེབས་མཎྜལ་སྐབས་སུ་དབུ་བཞུགས་གླིང་མཆོག་སྤྲུལ་རིན་པོ་ཆེ་ནས་མཎྜལ་འདེགས་འབུལ་དང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ནས་ཚོམ་བུ་ཟུར་འདེགས་ཞུས་ཤིང་། རྡོར་སློབ་ནས་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ་བཅས་འདེགས་འབུལ་དང་། དེ་ནས་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་བཤད་པ་དང་སྦྲགས་རིམ་བཞིན་འབུལ་ལམ་ཞུས་ཤིང་། ཚོགས་པ་གསུམ་ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དངུལ་ནས་བཟོས་པའི་སྒྲོལ་དཀར་གྱི་སྐུ་བརྙན་ཞིག་ཀྱང་ཕུལ་སོང་། བརྟན་བཞུགས་སྦྱིན་བདག་འཐུས་མི་ཁག་ཅིག་གིས་མཇལ་ཁ་ཞུས་སོང་།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་མཚོན་བྱེད་དུ་དབུས་གཙང་ཆོལ་ཁའི་དབུས་ས་གཉིས་ནས་འཇིག་རྟེན་ཀུན་ཁྱབ་གཟེངས་བསྟོད་ཞེས་པ་དང་། མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པ་ནས་ནོར་བུའི་ཕྲེང་བ་ཅེས་པའི་གཟེངས་བསྟོད་ཕུལ་གནང་སོང་། དབུས་གཙང་ཆོལ་ཁའི་ཚོགས་མི་ཚེ་རིང་དོན་གྲུབ་ལགས་དང་མདོ་ཁམས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པའི་ཚོགས་མི་ཉི་འོད་ལགས་གཉིས་ནས་གཟེངས་བསྟོད་དེ་གཉིས་ཀྱི་འགྲེལ་བརྗོད་བཀླགས་གནང་སོང་།

ཚོགས་མི་ཚེ་རིང་དོན་གྲུབ་ལགས་ཀྱིས་གཟེངས་བསྟོད་དེའི་འགྲེལ་བརྗོད་བཀླགས་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་བསྐྱངས་པ་དང་། ཁོང་གིས་བྱམས་དང་སྙིང་རྗེ་ཡིས་བོད་མི་གཙོས་པའི་འཛམ་གླིང་མི་མང་ལ་བྱམས་སྐྱོང་གནང་ཡོད་པས་བཀའ་དྲིན་བླ་མེད་མཚོན་བྱེད་གཟེངས་བསྟོད་དེ་ཕུལ་བ་སོགས་བཀོད་འདུག

ཉི་འོད་ལགས་ཀྱིས་གཟེངས་བསྟོད་དེའི་འགྲེལ་བརྗོད་ཀློག་དོན། སྐལ་བཟང་གི་གོ་སྐབས་འདི་དང་བསྟུན། ངེད་མདོ་ཁམས་རྫ་ཆུ་ཁ་བའི་ལྷ་སྡེ་མི་སྡེ་དང་བཅས་པས། དད་པ་དང་དམ་ཚིག་གཡོ་བ་མེད་པར། ༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་དྲིན་སྙིང་དབུས་སུ་བཅངས་ནས། མགོན་པོ་གང་ཉིད་འཕགས་པ་སྤྱན་རས་གཟིགས། ནོར་བུ་པདྨ་ཅན་དུ་མངའ་གསོལ་བ་མཚོན་པའི་གཟེངས་བསྟོད་ “ནོར་བུ་པདྨ་ཅན་” ཞེས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་ཞེས་གཟེངས་རྟགས་དེའི་མཚོན་དོན་བཀླགས་སོང་།


ཁོང་གིས་མུ་མཐུད་ནས་ཀློག་དོན། མཐའ་དོན་ངེད་ཅག་མདོ་ཁམས་རྫ་ཆུ་ཁ་བའི་སྐྱ་སེར་ཐུན་མོང་ནས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་སྒོ་ནས། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། མང་ཡུལ་སྐྱིད་གྲོང་ཚོགས་པ་དང་ལྷན་དུ། ༧གོང་ས་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བ་དང་། མགོན་པོ་གང་ཉིད་འཕགས་པ་སྤྱན་རས་གཟིགས། ནོར་བུ་པདྨ་ཅན་དུ་མངའ་གསོལ་བ་མཚོན་པའི་གཟེངས་བསྟོད་འདི་ཕུལ་རྒྱུ་བྱུང་བའི་རྣམ་དཀར་གྱི་དགེ་བའི་ལས་འདི་ཡང་། མགོན་པོ་གང་གི་སྐུ་ཚེ་མི་གཞིགས་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་ཐ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཆོལ་ཁ་གསུམ་པོ། སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་ཐོག མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གྱིས་སྒོ་ནས་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་བཀའ་གསུང་གཅིག་སྒྲུབ་ཞུས་ཏེ། གང་མགྱོགས་རང་ཡུལ་ཁ་བའི་ལྗོངས་སུ་རང་དབང་གི་ཉི་གཞོན་བསུས་ནས། མགོན་པོ་གང་ཉིད་གནས་མཆོག་ལྷ་སའི་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཞུ་ཐུབ་པའི་རྒྱུ་རུ་འགྱུར་བར་སྨོན། ཞེས་བཀླགས་སོང་།