ཕྱི་ལོ་༢༠༢༦ ཟླ་བ་༤ ཚེས་༢༢ ཉིན། བཞུགས་སྒར་དྷ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཅེས་པ་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་ཞེས་པ་གཉིས་ནས་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར། དད་ལྡན་བོད་མི་དང་ནང་པ་གཙོས་པའི་འཛམ་གླིང་གང་ས་ནས་ཕེབས་པའི་མི་༥༠༠༠་ཙམ་མཉམ་ཞུགས་གནང་སོང་།
དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་༨།༣༠་ཡས་མས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕེབས་སྐབས། བརྟན་བཞུགས་འབུལ་མཁན་ཚོགས་པ་གཉིས་ཀྱི་སྐུ་ཚབ་སོགས་ནས་ཕེབས་བསུ་ཞུས་སོང་། དེ་ཡོད་མི་མང་རྣམས་ཀྱིས་དགའ་དད་སྤྲོ་གསུམ་ཐོག་༸གོང་ས་མཆོག་ལ་མཇལ་ཁ་ཞུས་སོང་། ༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་གིས་མཇལ་དར་རྐྱང་འབུལ་གནང་།
དེ་ནས་རྡོ་རྗེ་སློབ་དཔོན་རྣམ་གྲྭ་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་གིས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་མཆོད་བསྟོད་ཚེ་འགུགས་བཟླས་པ་སོགས་ཆོ་གའི་གཞུང་བསྟར་གནང་སོང་།
གསོལ་འདེབས་མཎྜལ་སྐབས་སུ་དབུ་བཞུགས་རྡོར་སློབ་མཆོག་དང་འཐུས་ཚབ་རྡ་ས་མདོ་སྟོད་ཆོལ་ཁའི་ཚོགས་གཙོ་དབའ་ཧོ་བསྟན་འཛིན་དང་གློ་སྒྲིག་བདེ་དོན་ཚོགས་པའི་ཚོགས་གཙོ་བྱམས་པ་ཚེ་རིང་གཉིས་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་ཤིང་། རྡོར་སློབ་མཆོག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས་རྟེན་དང་། ཚེ་བུམ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་བཀྲ་ཤིས་རྫས་བརྒྱད་བཅས་རིམ་པར་ཕུལ་ཞིང་། རྡོར་སློབ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་ཚོགས་སྡེ་ཁག་གཉིས་ཀྱི་འཐུས་མི་༡༥ ཡིས་མཇལ་ཁ་ཞུས་རྗེས། ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་པ་རྒྱས་པའི་སྨོན་ལམ། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་གནང་སྒོ་གྲུབ་སོང་།
ཟླ་འདིའི་ཚེས་༢༣ ཉིན། ༸གོང་ས་མཆོག་གིས་༸རྒྱལ་བའི་ཕོ་བྲང་དུ་གློ་སྒྲིག་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་༢༥༡ གིས་གཙོས་པའི་རྒྱ་གར་དང་། འཇར་མན་པ། ཨོ་སི་ཁྲི་ལི་ཡ། ཝེད་ནམ་སོགས་ཀྱི་དད་ལྡན་མཇལ་བཅར་བ་༢༨༠་ལྷག་ལ་མཇལ་ཁ་བསྩལ་ཡོད་འདུག སྐབས་དེར་རྨོ་ལགས་དགུང་ལོ་ ༨༨ ཅན་ཞིག་གིས་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེ་བརྟན་པའི་ཆེད་དུ་མ་ཎི་འབུམ་ཉིས་བརྒྱ་བགྲངས་གསོག་ཞུས་ཡོད་པ་༸སྙན་སེང་ཞུས་པར་དགེ་བ་རྫོགས་བྱང་དུ་བསྔོ་བར་ངོས་ཀྱིས་ཡིད་གཟབ་བྱེད་ཡོང་ཞེས་ཞལ་བཞེས་བཀའ་དྲིན་བསྐྱངས་ཤིང་། ན་གཞོན་ཞིག་གིས་སེམས་མ་སྐྱིད་པ་ཡོང་གི་འདུག་པས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཞེས་ཞུས་པར། ཁོང་གིས་བཀའ་སློབ་སྩལ་དོན། སེམས་ལྷོད་ལྷོད་བྱོས། སོ་སོའི་མཐའ་སྐོར་དུ་ཆོས་ཁས་ལེན་མཁན་དང་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན། ༸རྒྱལ་བ་རིན་པོ་ཆེ་ལ་དད་པ་བྱེད་མཁན་གྱི་གྲོགས་པོ་ཤ་སྟག་རེད། ཚང་མས་༸རྒྱལ་བ་ཐམས་ཅད་མཁྱེན་པ། འཕགས་པ་སྤྱན་རས་གཟིགས་ཞེས་སེམས་ནས་ཡིད་ཆེས་བྱེད་བཞིན་པ་དེ་དྲན་པར་བྱས་ནས་བློ་བདེ་བར་སྡོད། ཤེས་སོང་ངམ། ཞེས་དང་།
གཞན་ཡང་། ན་གཞོན་ཞིག་གིས་ཞི་གནས་སྒོམ་པའི་སྐོར་ལ་བཀའ་འདྲི་ཞུས་པར་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ལན་སྩལ་དོན། ཞི་གནས་སྒོམ་པའི་སྐབས་སུ་དམིགས་ཡུལ་དེར་སེམས་རྩེ་གཅིག་ཏུ་སྡོད་རྒྱུ་དེ་རེད། ཞི་གནས་ཀྱི་སེམས་རྩེ་གཅིག་ཏུ་སྡོད་པ་དེས་ནུས་པ་ཐོན་རྒྱུ་མེད་ཀྱང་། ལྷག་མཐོང་གིས། གཞི་དང་ལམ་གྱི་གནས་ཚུལ་ལ་དཔྱད་པ་བྱེད་པ་དང་། དཔྱད་པ་དེ་དང་སེམས་རྩེ་གཅིག་པ་ཟུང་ཏུ་སྦྲེལ་ཡོང་དུས་ཞི་ལྷག་ཟུང་འབྲེལ་གྱི་ནུས་པ་ཐོན་ཡོང་གི་ཡོད། ངོས་རང་ལ་མཚོན་ན། སེམས་རྩེ་གཅིག་པའི་ཞི་གནས་ལ་བསམ་བློ་གཏོང་གི་ཡོད་ལ། ལྷག་མཐོང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞི་དང་ལམ་དང་། འབྲས་བུའི་གནས་ཚུལ་ལ་དཔྱད་པ་བྱེད་ཀྱི་ཡོད། དེ་ནི་ལྷག་མཐོང་ཟེར་བ་དེ་རེད། དཔྱད་པ་བྱ་རྒྱུ་ནི་གལ་ཆེན་པོ་རེད། ཤེས་སོང་ངམ། ལྷག་པར་དུ་ང་ཚོ་བོད་གངས་ཅན་གྱི་སངས་རྒྱས་ཀྱི་ཆོས་ལ་དཔྱད་པ་བྱ་རྒྱུ་ཏན་ཏན་གལ་ཆེན་པོ་ཡོད་པ་རེད། ཧིན་དྷུ་དང་ཁ་ཆེ་ལ་དཔྱད་པ་བྱ་རྒྱུ་མེད་པར་བསམ་བློ་རང་བཞིན་དུ་འཇོག་རྒྱུ་ཤུགས་ཆེན་པོ་འདུག ང་ཚོའི་བོད་ལ་ཡོད་པའི་ལྷག་མཐོང་གིས་དཔྱད་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་བསྩལ་ཡོད་འདུག