དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེའི་རྗེས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཕུལ་མཁན་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་མཆོག་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་མཁན་འཕྲོད་བསྟེན་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག བོད་ཀྱི་བདེན་པའི་འཐབ་རྩོད་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་མཛད་རྗེས་ཆེན་པོ་འཇོག་མཁན་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་པ་སྐུ་ཞབས་རོ་བྷར་ཊི་ཐར་མན་ (Robert Thurman) མཆོག བོད་མིའི་རྩ་དོན་འཐབ་རྩོད་དང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་བྷར་ནེ་ཕེ་རེང་ཀ་ (Barney Frank) མཆོག་དམ་པ་རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་བཅས་ཀྱིས་རིམ་བཞིན་སྙན་སྒྲོན་གནང་སོང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་བོད་བལ་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་བར་མྱ་ངན་གུས་འདུད་དང་། དོན་ཚན་ལྔ་ཅན་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེ་ཡང་བོད་བལ་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་བར་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ནང་གཙོ་བོ། ལ་ལྡེབ་ཕུའི་ཆུ་རུད་ཀྱི་གནོད་འཚེ་ཕོག་མཁན་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ནས་ཞལ་འདེབས་སྡུད་སློང་གི་དངུལ་འབབ་ཡོངས་རྫོགས་ངལ་སེལ་དང་། བལ་ཡུལ་གཞུང་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་སླད་འབུལ་རྒྱུ་ཡིན་པ། ཐེངས་འདིའི་ཆག་སྒོའི་རྐྱེན་རྩ་གཙོ་བོ་ཞིག་ནི་རྒྱ་དམར་གཞུང་གིས་བོད་ས་མཐོའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཀྱི་མཇུག་འབྲས་ཡིན་པའི་དངོས་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱིམ་མཚེས་རྒྱལ་ཁབ་ཚོས་ངོས་འཛིན་གསལ་པོ་བྱེད་ཐུབ་དགོས་པའི་གསལ་འདེབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་མཚམས་བརྒལ་བའི་ཆུ་ལམ་ཁྲིམས་ཡིག་གི་ནང་གསལ་ལྟར། འབྲེལ་ཡོད་རྒྱལ་ཁབ་སོ་སོས་རྒྱ་དམར་གཞུང་གི་བྱ་སྤྱོད་ལ་བསྟུན་ཤེས་ཁོ་ན་མ་ཡིན་པར། རྒྱལ་སྤྱིའི་ཁྲིམས་ཡིག་དང་། ལམ་སྲོལ་གཞིར་བཟུང་རྒྱ་དམར་གཞུང་ལ་འཛེམས་ཟོན་མེད་པར་མ་འོངས་པར་ཆག་སྒོ་དེ་རིགས་བསྐྱར་ཟློས་མ་ཡོང་བའི་འགྲོ་སྟངས་ཤིག་བཟོ་དགོས་པའི་ནན་སྐུལ་བྱ་རྒྱུ། རྒྱ་ནག་ཚུད་པའི་ལྷོ་ཤར་ཨེ་ཤི་ཡ་དང་། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཚོས་སོ་སོའི་བུ་རབས་ཚ་རྒྱུད་རྣམས་ཟས་དང་ཆུའི་བདེ་འཇགས་ལ་འཇིགས་དངངས་མེད་པར་གསོན་གནས་ཡོང་ཆེད་བོད་མཐོ་སྒང་གི་འཇིགས་སླ་བའི་རང་བྱུང་ཁོར་ཡུག་ལ་བདག་གཅེས་ཀྱི་གལ་གནད་ལ་ངོས་འཛིན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་གནད་དོན་འདིའི་ཐོག་དུས་ལས་མ་ཡོལ་བའི་བསམ་གཞིགས་བྱེད་རན་ལ་ཐུག་ཡོད་པའི་གསལ་འདེབས་བྱ་རྒྱུ་ཞེས་འཁོད་འདུག

དེ་རྗེས་ལས་བསྡོམས་སྙན་སྒྲོན་དང་། ཞིབ་བཤེར་ལས་དོན་གྱི་ལས་རིམ་དབུ་འཛུགས་གནང་ཞིང་། དེ་ཡང་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་འགོ་བཙུགས་ཤིང་།

སྐབས་དེར་སྤྱི་འཐུས་རྣམ་པས་དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་གདན་འདྲེན་ཞུ་ཐབས་སུ་མུ་མཐུད་འབད་བརྩོན་གནང་དགོས་སྐོར་དང་། རྒྱ་དམར་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་སྐབས་ཆོས་རིག་ལས་ཁུངས་ངོས་ནས་སྐབས་ཐོག་སོ་སོར་གདོང་ལེན་ཞུ་དགོས་གལ། དཔེ་ཁྲིད་དགེ་རྒན་རྣམས་ཀྱི་ལེགས་གསོལ་སྤར་ཕྱོགས། སློབ་གྲྭ་ཁག་གི་ནང་ཟློས་གར་དགེ་རྒན་མེད་པའི་དཀའ་ངལ་སེལ་ཐབས། ནང་པའི་ལྟ་གྲུབ་ངོ་སྤྲོད་ཚོགས་ཆུང་ཇི་ཙམ་བཙུགས་ཡོད་པ། དགོན་སྡེ་ཁག་གི་ཕྱིའི་རོགས་དངུལ་ལེན་རྒྱུའི་དཀའ་ངལ་སེལ་ཐབས། ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་འགོད་དགོས་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་གནས་སྟངས། གཞུང་ཆེན་རིགས་གཅིག་རྐང་འཛིན་སོགས་ཀྱི་ཐོག་བགྲོ་གླེང་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།