ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡༨ ཉིན། བོད་མི་བརྒྱ་ཕྲག་མང་པོས་བཞུགས་སྒར་དྷ་རམ་ས་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅལ་རི་དབར། རྒྱ་དམར་སྲིད་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་དང་། དམིགས་བསམ་”མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་”ཟེར་བ་དེར་ངོ་རྒོལ་ཤུགས་ཆེན་སྤེལ་སོང་བ་མ་ཟད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཡང་སྤེལ་སོང་། སྐབས་དེར། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་གཙོ་བྱས་པའི་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་ཚེ་སྲོག་ལ་རྒྱ་དམར་སྲིད་གཞུང་ནས་འགན་འཁུར་དགོས། ཞེས་བསྒྲགས་སོང་།
དེ་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་ཀྱི་དགུ་བཅུ་གསུལ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བོད་མི་བརྒྱ་ཕྲག་མང་པོས་བཞུགས་སྒར་དྷ་རམ་ས་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅལ་རི་དབར། རྒྱ་དམར་སྲིད་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཁག་དང་། དམིགས་བསམ་”མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་”ཟེར་བ་དེར་ངོ་རྒོལ་ཤུགས་ཆེན་སྤེལ་སོང་བ་མ་ཟད། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཡང་སྤེལ་སོང་།
ཞི་བའི་ངོ་རྒོལ་གོ་སྒྲིག་གནང་མཁན་བདག་གིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་གྱི་པར་སྒམ་འཁྱེར་ནས་གོམ་མགྲོད་གནང་སོང་མ་ཟད། དཔའ་བོ་བློ་དགའ་རང་བཙན་ལགས་བོད་རང་བཙན་དང་རང་དབང་ཆེད་དུ་སྐུ་ལུས་མེར་བསྲེགས་བཏང་གནང་བ་རེད། ཁོང་གི་ཞལ་ཆེམས་ང་ཚོས་མ་མཐུད་ནས་སྒྲུབ་དགོས། ཞེས་དང་། བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་མི་བོད་ནས་ཕར་རྒྱུག་ཤིག མཉམ་འབྲེལ་རྒྱལ་ཚོགས་བོད་ལ་རྒྱབ་སྐྱོར་བྱོས། ཞེས་གོམ་བགྲོད་གནང་མཁན་བོད་མི་བརྒྱ་ཕྲག་མང་པོས་ངོ་རྒོལ་སྐད་འབོད་གནང་སོང་།
བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་དྷ་ཤོད་ཀ་ཅལ་རིའི་ཉེན་རྟོག་པའི་ཐང་ཆེན་དུ་ཞི་བའི་གོམ་བགྲོད་ཀྱི་མཇུག་བསྡོམས་བྱེད་སྒོ་ཤིག་གོ་སྒྲིག་ཞུས་འདུག བྱེད་སྒོ་དེའི་ཐོག བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་དྲུག་གི་བསྒྲགས་གཏམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱིས་སྒྲོག་སྦྱང་གནང་དོན། ཉེ་ཆར་ཕྱི་ལོ་༢༠༢༦ ཟླ་༧ ཚེས་ ༢ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་་ལགས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། དམ་པ་ཁོང་གི་ཞལ་ཆེམས་སྙིང་དོན་དུ་ “རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཡག་རང་གི་ཆེད་དུ་ལས་འགུལ་སྤེལ་བསྡད་ཡོད་པ་དང་། མི་རིགས་ཤིག་གི་འཐབ་རྩོད་ཆེད་དུ་གང་ཡང་བྱ་མི་དགོས་པར་ཡོང་གི་མེད་པ་དང་། བཙན་བྱོལ་བོད་མི་ཚོས་ཤུགས་མང་ཙམ་རྒྱག་དགོས་པ། ང་ཚོར་མི་རྒྱུ་གཉིས་ཀྱི་འགྲོ་སོང་གང་ཡང་བཏང་མི་དགོས་པར་༸གོང་ས་མཆོག་ནས་མང་གཙོ་ཚད་ལྡན་ཞིག་མར་གནང་བ་དེ་ནང་འཛིང་གི་ཆེད་དུ་གནང་མེད་པར་དེ་ནི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གནང་ཡོད། དེ་བཞིན་༸གོང་ས་མཆོག་ནས་གནང་བའི་བཀའ་སློབ་ཅིག་ལུངས་འདྲེན་དང་བཅས་རྒྱ་དམར་སྲིད་གཞུང་གིས་བོད་མི་ཡོངས་རྫོགས་གཅིག་གྱུར་གྱིས་བརྩབས་ཡོད་པ། ང་ཚོས་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱ་དགོས་པ་དང་ལས་ཀ་བྱེད་དགོས་པ། ད་ལྟ་ང་ཚོ་བོད་མི་རིགས་ཀྱི་རང་དབང་ཡོངས་སུ་རྫོགས་པ་དེ། རང་བཙན་ཤོར་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཡིན་པས་ང་ཚོས་རང་བཙན་ཚུར་ལེན་དགོས་པ། ཉིན་མོ་དེ་རིང་ནས་བཟུང་ང་ཚོ་གཞུང་འབངས་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་དགོས། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ང་བོད་པ་ཡིན་བསམ་པའི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པ། བོད་རང་བཙན་གྱི་ཆེད་དུ་ཕྱག་ལས་གནང་རོགས།” ཞེས་འབོད་སྐུལ་ཤུགས་དྲག་དང་བཅས། “གལ་སྲིད་ངས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་བ་ཡིན་ན། དེའི་རྒྱུ་མཚན་ལ་བརྟེན་ནས་མྱ་ངན་གྱིས་གཞས་ཞབས་བྲོ་ལ་སོགས་བཀག་འགོག་གནང་མི་རུང་བ་དང་། དེ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། འཕྲོད་བསྟེན། བོད་པའི་གཞོན་སྐྱེས་སོགས་ལ་ཧ་ཅང་གལ་ཆེ་ཡིན་པས་དེ་མུ་མཐུད་ནས་རྒྱུན་འཛིན་གནང་དགོས་པ། ངའི་ལས་འགུལ་དེ་ཟ་འཐུང་མ་རག་པ་ལ་བརྟེན་ནས་སྤེལ་མེད་པས་ངས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྤེལ་ཡོད། ང་ལ་མྱ་ངན་བྱ་དགོས་མེད། གང་བྱ་དགོས་རེད་ཟེར་ན་ངའི་རེ་བ་དང་འབོད་སྐུལ་གང་ཞུས་ཡོད་པ་དེ་དག་མུ་མཐུད་ནས་གནང་རོགས། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ།” ཞེས་པའི་འབོད་སྒྲ་དང་བཅས་ཞལ་ཆེམས་རླབས་ཆེན་ཞིག་བཞག་གནང་ཡོད་པའི་དགོངས་དོན་ལྟར།
ལྷག་པར་འདི་ལོར་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག” ཅེས་པ་དོན་ཚན་དྲུག་ཅུ་རེ་ལྔ་ཅན་གྱི་ཁྲིམས་འགལ་གྱི་ཁྲིམས་ཡིག་མིང་དོན་མི་མཚུངས་པ་ཞིག་གཏན་འབེབས་བྱས་ཡོད་པ་མ་ཟད། སྤྱི་ཟླ་༧ཚེས་༡ཉིན་རྒྱ་ནག་དམར་ཤོག་ཚོགས་པ་འགོ་འཛུགས་ཀྱི་ཉིན་མོ་དང་སྟབས་བསྟུན་གྱིས་དངོས་སུ་བོད་གཙོ་བོར་བྱས་པའི་རྒྱ་གཞུང་གི་བཙན་འོག་ན་གནས་པའི་རྒྱལ་ཁབ་དང་མི་རིགས་ཁག་གི་ཐོག་བཙན་འགེལ་ལག་བསྟར་དངོས་སུ་བྱས་ཡོད། དེའི་དགོས་དམིགས་གཙོ་བོ་ནི་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། རྒྱལ་རབས་ལོ་རྒྱུས་དང་བཅས་པ་རྩ་མེད་དུ་བཏང་ནས་བོད་སྡེ་རྒྱ་སྡེར་སྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་སུ་སྒྱུར་རྒྱུ། མདོར་ན་རྒྱ་དམར་སྲིད་གཞུང་རང་གིས་བོད་དང་བོད་མི་གཙོ་བོར་བྱས་པའི་བཙན་འོག་ན་གནས་པའི་མི་རིགས་ཡོངས་རྫོགས་ཀྱི་ངོ་བོ་ཚུན་ཆད་རྩ་མེད་དུ་གཏོང་བའི་མི་རིགས་བཙན་སྒྱུར་གྱི་ཁྲིམས་འགལ་སྲིད་བྱུས་ངན་པ་དེ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་།
གཤམ་འཁོད་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་དནོ་རྒྱབ་སྐྱོར་ཚོགས་པའི་ངོས་ནས་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་དང་། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བཅས་པར་ངོ་རྒོལ་སྐད་འབོད་ཀྱིས་གཤམ་གསལ་དགོས་འདུན་དོན་ཚན་ཅན་གྱི་ཐོག་ནས་ལས་འགུལ་འདི་སྤེལ་བཞིན་ཡོད།
༡༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་བ་དེར་ངེས་པར་འགན་འཁུར་དགོས་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྤྱིའི་ཐོག་ཡ་ལན་དོན་ལྡན་ཞིག་ངེས་པར་སྤྲད་དགོས་ཡོད།
༢༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་གཙོ་བྱས་པའི་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་ཚེ་སྲོག་ལ་རྒྱ་དམར་སྲིད་གཞུང་ནས་འགན་འཁུར་དགོས།
༣༽ བོད་རང་དབང་རང་བཙན་ནི་ང་ཚོའི་ཐོབ་ཐང་ཡིན་པས་རྒྱལ་སྤྱིས་ངེས་པར་ངོས་འཛིན་དགོས་པ་དང་། ང་ཚོར་བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་ལ་རང་དབང་རང་བཙན་ཐོབ་དགོས་ཡོད།
༤༽ རྒྱ་དམར་སྲིད་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་མིང་དོན་མི་མཚུངས་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེར་ང་ཚོས་ངོས་ལེན་རྩ་བ་ནས་མེད་ལ། བོད་ནང་ལག་བསྟར་བྱེད་མཚམས་འཇོག་དགོས།
༥༽ དགྲ་བོ་རྒྱ་དམར་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་མིང་དོན་མི་མཚུངས་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེ་བོད་ཙམ་མ་ཟད། རྒྱ་དམར་སྲིད་གཞུང་གི་བཙན་འོག་ན་དཀའ་སྡུག་མྱོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་ཡོངས་ཀྱི་རང་དབང་དང་བདེ་སྡུག་ལ་ཐུག་ཡོད་པས་དེ་ནི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ལ་ངོས་འཛིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་གཙོ་བྱས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་ནས་ངེས་པར་བདག་པོ་རྒྱག་དགོས་པ་མ་ཟད། དོ་སྣང་འགན་འཁུར་ངེས་པར་དགོས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་སྐུ་ལུས་མེར་སྲེག་གཏོང་བར་རྒྱབ་སྐྱོར་གནང་རྒྱུའི་ཚབ་ལ། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ "གྲངས་ཉུང་མི་རིགས" ཞིག་ཏུ་ངོས་འཛིན་བྱས་པའི་བསྒྲགས་གཏམ་དེ་ལ་ང་ཚོས་ངོས་ལེན་རྩ་བ་ནས་མེད་པ་དང་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད། དེ་འདྲའི་སྐད་ཆ་བཤད་སྟངས་དེ་ནི་ལོ་རྒྱུས་ཀྱི་བདེན་པ་དང་འགལ་བ་དང་། ཆབ་སྲིད་ཀྱི་ཐོག་ནས་འགན་འཁུར་མེད་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་ཡོད།
དངོས་གནས་བྱས་ན། བོད་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་ས་ཁུལ་ཞིག་རྩ་བ་ནས་མིན། བོད་ནི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། རིག་གཞུང་། སྐད་ཡིག ཆོས་ལུགས། ངོ་བོ་བཅས་ཡོད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། བོད་ལ་ "གྲངས་ཉུང་མི་རིགས་" ཞེས་འབོད་པ་དེས་རྒྱ་ནག་གི་ཁྲིམས་འགལ་བཙན་འཛུལ་གྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། བོད་མི་མང་གི་རང་དབང་རང་བཙན་གྱི་ཐོབ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད།
ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་གླེང་སྐབས། དངོས་ཡོད་གནས་ཚུལ་གཞིར་བཟུང་གིས་ཕྱོགས་རིས་མེད་པ་ཞིག་གནང་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཚོགས་པ་ཁག་ལ་བདེན་པ་དང་དྲང་བདེན་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་ཡོད་པ་ལས། བཙན་འཛུལ་བྱེད་མཁན་གྱི་རྫུན་གཏམ་དང་དྲིལ་བསྒྲགས་ལ་རྒྱབ་སྐྱོར་གནང་རྒྱུ་མེད། ཞེས་གསུངས་སོང་།