ཕྱི་ལོ་༢༠༢༦ ཟླ་༧ ཚེས་༡༩ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལ་ཆེ་བསྟོད་ཆེད་རྒྱལ་སྤྱི་ས་ཁྱོན་ཡོངས་ལ་རྒྱུན་མཐུད་ལས་འགུལ་སྣ་མང་སྤེལ་རྒྱུ་དང༌། དགྲ་བོ་རྒྱ་དམར་གི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག”ཞེས་འབོད་པའི་ཁྲིམས་ཡིག་དེར་དགག་བྱ་བྱེད་ཆེད་འཛམ་གླིང་རྒྱལ་ཁབ་༢༠་ལྷག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག
དེ་ཡང་། གོང་ཚེས་ཉིན་གྱི་ཞོགས་པ་ཆུ་ཚོད་༧།༣༠ ཐོག བཞུགས་སྒར་དྷ་རམ་སའི་གཙུག་ལག་ཁང་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་ཁྲོམ་ར་མདུན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དབུས་རྒྱུན་ཟུར་པ་བློ་བཟང་ཚེ་རིང་ལགས་དང་། མགོན་པོ་དོན་གྲུབ་ལགས། ཀརྨ་ཡེ་ཤེས་ལགས། བློ་བཟང་ཡེ་ཤེས་ལགས། བསྟན་འཛིན་ལྷ་མོ་ལགས། སྤེན་པ་ཚེ་རིང་ལགས་བཅས་ནས་ཆུ་ཚོད་༢༤ རིང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལ་ཆེ་བསྟོད་ཆེད་དང་རྒྱ་དམར་གི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག”ཞེས་འབོད་པའི་ཁྲིམས་ཡིག་དེར་དགག་བྱ་བྱེད་ཆེད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་བཙུགས་གནང་སོང་།
སྐབས་དེར། ཟས་བཅད་ངོ་རྒོལ་གནང་མཁན་རྣམ་པས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རྒྱལ་ཁབ་དང་བོད་རང་བཙན་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་ཡོད་པས། ང་ཚོས་ཁོང་གི་ཞལ་ཆེམས་བོད་མི་ནང་ཁུལ་མཐུན་སྒྲིལ་དང་བོད་རང་དབང་སླར་གསོ་ཆེད་ནུས་ཤུགས་སྔར་ལས་སྟོན་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དེ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་མཚམས་སྦྱོར་ལགས་ཀྱིས་གཞོན་ལྷན་གྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་དོན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ལ་ཆེ་བསྟོད་ཆེད་རྒྱལ་སྤྱི་ས་ཁྱོན་ཡོངས་ལ་རྒྱུན་མཐུད་ལས་འགུལ་སྣ་མང་སྤེལ་རྒྱུ་དང༌། དགྲ་བོ་རྒྱ་དམར་གི་ “མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག”ཞེས་འབོད་པའི་ཁྲིམས་ཡིག་དེར་དགག་བྱ་བྱེད་རྒྱུ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འཛམ་གླིང་ཡོངས་ལ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་དང༌། བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་བརྒྱུད་ནས་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་འཛམ་གླིང་ཡོངས་སུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུའི་གསལ་བསྒྲགས་བྱེད་ཀྱི་ཡོད།
རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་འདི་ནི་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་ཕྱི་ལོ་༢༠༢༦ ཟླ་བ་ ༧ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོ་ཆུ་ཚོད ༥ པ་ཙམ་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའ་རྒྱལ་དར་སྤོབས་པ་ཆེན་པོས་ཐོག་མཁའ་དབྱེངས་སུ་བསྒྲེངས་པ་དང་ཆབས་གཅིག །རང་གི་གཅེས་པའི་སྐུ་ལུས་མེར་སྲེག་བཏང་ཞིང་། དཀར་གཙང་གི་ཤོག་བའི་ངོས་སུ་ ༼བོད་རང་བཙན་ཡིན། རྒྱ་མི་བོད་ནས་རྒྱུགས་ཤིག༽ ཅེས་བྲིས་པ་ཞིག་ནམ་མཁར་བཏོར་ནས་སྐུ་གཟུགས་འགྱེང་ངེར་བཞུགས་ཤིང༌། བྲག་ཁོག་ཡར་བཏེག་སྟེ་ལག་གཉིས་འཕྲེད་དུ་བརྐྱངས་པའི་ཐོག་བོད་མི་རིགས་དང་རང་དབང་རང་བཙན་གྱི་དོན་དུ་རང་ལུས་མེར་སྲེག་བཏང་ནས་བོད་དེ་རྒྱ་དམར་སྲིད་གཞུང་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། བོད་མིའི་མུ་མཐུད་རང་བཙན་འཐབ་རྩོད་བྱེད་བཞིན་ཡོད་པ་འཛམ་གླིང་ལ་དྲན་སྐུལ་གནང༌། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་སྐུ་ལུས་མེར་སྲེག་བཏང་བ་དེ་ནམ་ཡང་སྣང་མེད་དུ་འཇོག་ཏུ་མི་རུང་བ་དང༌། ཁོང་གི་རང་སྲོག་བློས་གཏོང་གནང་བ་དེ་ནམ་ཡང་སུབ་མི་ཐུབ། བོད་མིའི་རང་དབང་འཐབ་རྩོད་ལ་དོ་སྣང་དང༌། བོད་དོན་བདེན་མཐའ་མ་སེལ་བར་དུ་རྒྱལ་གཅེས་དཔའ་བོ་ཁོང་གི་མཐའ་མའི་འབོད་སྐུལ་དང་ཞལ་ཆེམས་དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་སྒྲོག་རྒྱུ་ཡིན་པ་ང་ཚོས་ཆོད་སེམས་བརྟན་པོ་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྡ་རམ་ས་ལ་ནས་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་འགོ་བཙུགས་ཏེ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་དང༌། འཛམ་གླིང་ཡོངས་ཀྱི་ས་གནས་གཞོན་ལྷན་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁག་ནས་ཉིན་ལྟར་མཉམ་འབྲེལ་གྱིས་མུ་མཐུད་ནས་མཐུན་སྒྲིལ་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བཙན་འགེལ་བྱས་པའི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས" ཞེས་འབོད་ པའི་མིང་དོན་མི་མཚུངས་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེ་ལ་ངོ་རྒོལ་སྐྱོན་བརྗོད་དང་དགག་པ་རྒྱག་གི་ཡོད། ཁྲིམས་འཆར་འདི་ནི་ཆིག་སྒྲིལ་གྱི་ཁྲིམས་ཤིག་མིན་པར་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ་སོགས་རྒྱ་དམར་སྲིད་གཞུང་གི་བཙན་འོག་ན་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཁག་གི་སྐད་ཡིག་རྩ་བརླག་ཏུ་གཏོང་རྒྱུ་དང་། མི་རིགས་བཙན་སྒྱུར། མི་རིགས་ཀྱི་ངོ་བོ་འདྲ་མིན་རྣམས་རྩ་མེད་དུ་གཏོང་རྒྱུའི་ཐབས་ཤེས་ཞིག་རེད།
གཤམ་འཁོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དགྲ་བོ་རྒྱ་དམར་སྲིད་གཞུང་དང༌། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་བཅས་པར་ངོ་རྒོལ་སྐད་འབོད་ཀྱིས་གཤམ་གསལ་དགོས་འདུན་དོན་ཚན་ལྔ་ཅན་གྱི་ཐོག་ནས་ལས་འགུལ་འདི་སྤེལ་བཞིན་ཡོད།
༡༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་དཔའ་བོ་རང་བཙན་བློ་དགའ་ལགས་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གནང་བ་དེར་ངེས་པར་འགན་འཁུར་དགོས་པ་མ་ཟད། བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་སྤྱིའི་ཐོག་ཡ་ལན་དོན་ལྡན་ཞིག་ངེས་པར་སྤྲད་དགོས་ཡོད།
༢༽ རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་གཙོ་བྱས་པའི་ད་བར་བོད་མི་རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་ཚེ་སྲོག་ལ་རྒྱ་དམར་སྲིད་གཞུང་ནས་འགན་འཁུར་དགོས།
༣༽ བོད་རང་དབང་རང་བཙན་ནི་ང་ཚོའི་ཐོབ་ཐང་ཡིན་པས་རྒྱལ་སྤྱིས་ངེས་པར་ངོས་འཛིན་དགོས་པ་དང༌། བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན། བོད་ལ་རང་དབང་རང་བཙན་ཐོབ་དགོས་ཡོད།
༤༽ རྒྱ་དམར་སྲིད་གཞུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཅེས་པའི་མིང་དོན་མི་མཚུངས་པའི་ཁྲིམས་འགལ་གྱི་ཁྲིམས་ཡིག་དེར་ང་ཚོས་ངོས་ལེན་རྩ་བ་ནས་མེད་ལ། བོད་ནང་ལག་བསྟར་བྱེད་མཚམས་འཇོག་དགོས།
༥༽༧ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་འཛམ་གླིང་ནང་གི་བོད་པའི་ཆབ་སྲིད་བཙོན་པ་ཆུང་ཤོས་དང༌། ཁོར་ཡུག་སྲུང་སྐྱོབ་པ། བོད་ཀྱི་སྒྱུ་རྩལ་བ། འགྲོ་བ་མིའི་ཐོབ་ཐང་སྲུང་ སྐྱོབ་པ། ཆབ་སྲིད་བཙོན་པ་གཞན་ཚང་མ་བཅས་ཆ་རྐྱེན་དང་འགོར་འགྱངས་གང་ཡང་མེད་པར་གློད་བཀྲོལ་གཏོང་དགོས།
ལྷག་པར་ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་སྐུ་ཞབས་ Stephane Dujarric ལགས་ཀྱིས་བོད་དེ་ “གྲངས་ཉུང་མི་རིགས་” ཞེས་བརྗོད་པའི་གཏམ་བཤད་དེ་ལ་ང་ཚོས་ངོས་ལེན་རྩ་བ་ནས་མེད་པ་དང་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད། དེ་འདྲའི་སྐད་ཆ་བཤད་སྟངས་དེ་ནི་ལོ་རྒྱུས་ཀྱི་བདེན་པ་དང་འགལ་བ་དང༌། ཆབ་སྲིད་ཀྱི་ཐོག་ནས་འགན་འཁུར་མེད་པ། དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལ་རྒྱབ་སྐྱོར་བྱས་པ་ཞིག་ཆགས་ཀྱི་ཡོད། བོད་ནི་རྒྱ་ནག་གི་གྲངས་ཉུང་མི་རིགས་མིན་པར། བོད་དང་བོད་མི་ནི་རྒྱ་ནག་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡིན་ཞིང༌། བོད་དང་བོད་མིར་རང་ཉིད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང༌། རྒྱལ་རབས་ལོ་རྒྱུས་སོགས་རང་མི་རིགས་ཀྱི་ངོ་བོ་མངོན་གསལ་འབུར་ཐོན་དང་ཁྱད་ཆོས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན། བོད་ལ་“གྲངས་ཉུང་མི་རིགས་” ཞེས་འབོད་པ་དེས་མི་རིགས་ཀྱི་ངོ་བོ་བསུབ་ཐབས་དང༌། བོད་མི་རིགས་ཀྱི་རང་དབང་དང་རང་བཙན་གྱི་ཐོབ་ཐང་ལ་གཏོར་བརླག་གཏོང་གི་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེན་དོན་དང་ཕྱོགས་ལྷུང་མེད་པའི་ལན་འདེབས་ཡོང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་བཟོ་ཐབས་བྱས་པའམ་ཡང་ན་བོད་མི་རིགས་ཀྱི་ངོ་བོ་བསུབ་ཐབས་བྱས་པའི་ལོག་བཤད་དེ་རིགས་བེད་སྤྱོད་བྱེད་མི་རུང་ལ། མཉམ་འབྲེལ་རྒྱལ་ཚོགས་ནས་གོ་ལ་ཧྲིལ་པོར་བརྡ་ལན་ལོག་པ་སྤྲོད་མི་རུང་། རྒྱ་གཞུང་གིས་བཙན་བཟུང་བྱས་པ་དེ་ཁྲིམས་མཐུན་བཟོ་ཐབས་བྱེད་མི་རུང་བ་དང༌། བོད་དང་བོད་མིའི་ངོ་བོ་དང་རང་དབང་གི་རེ་འདུན་ནམ་ཡང་བསུབ་ཐབས་བྱེད་མི་རུང༌།
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་གི་ཚེ་སྲོག་བློས་གཏོང་བྱས་པ་དེ་ང་ཚོའི་འཐབ་རྩོད་ཀྱི་མཇུག་རྫོགས་པ་ཞིག་མ་ཡིན་པར། ཁོང་གི་སྙིང་སྟོབས་དེ་བོད་མི་རིགས་ཀྱི་འགྱུར་མེད་སྙིང་སྟོབས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། བོད་རང་དབང་རང་བཙན་མ་ཐོབ་བར་དུ་ཁོང་གི་འབོད་སྒྲ་དེ་ང་ཚོའི་ཆིག་སྒྲིལ་གྱི་སྙིང་སྟོབས་དང་འཐབ་རྩོད་ལས་འགུལ་གྱི་ནུས་ཤུགས་ཡིན། ཞེས་འགྲེལ་བརྗོད་གནང་སོང་།